ཀྲུང་དབྱང་ཁེ་ལས་དབུལ་སྐྱོར་ཐེབས་རྩས་སི་ཁྲོན་གྱི་ཐོན་ལས་དབུལ་སྐྱོར་གྱི་ལས་གཞི14ལ་མ་དངུལ་གཏོང་འཇོག་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2018-09-20

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ9པའི་ཚེས5ཉིན་འབྱོར་བའི་གཏམ་གསར། ཀྲུང་དབྱང་ཁེ་ལས་ཀྱི་ས་ཁུལ་དབུལ་པོའི་ཐོན་ལས་མ་དངུལ་གཏོང་འཇོག་ཐེབས་རྩ(ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ)ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེབས་རྩ་དེས་སི་ཁྲོན་གྱི་ཐོན་ལས་དབུལ་སྐྱོར་གྱི་ལས་གཞི14ལ་མ་དངུལ་གཏོང་འཇོག་བྱས་ཡོད་ཅིང་། གཏོང་འཇོག་བྱས་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར117.71ལ་ཟིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩས་སི་ཁྲོན་གྱི་མ་དངུལ་གཏོང་འཇོག་བྱས་པའི་ཐོན་ལས་དབུལ་སྐྱོར་ལས་གཞིའི་ནང་དོན་དེང་རབས་ཞིང་ལས་དང་། ཐོན་རྫས་ཉོ་འཚོང་འབྲེལ་མཐུད། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད་ཅིང་། མ་དངུལ་གཏོང་འཇོག་བྱེད་སྟངས་དེ་ཐེབས་རྩས་ཐད་ཀར་མ་དངུལ་གཏོང་འཇོག་བྱེད་པ་དང་། ཡན་ལག་ཐེབས་རྩ་བཙུགས་པ་སོགས་འདུས་ཡོད་པ་རེད།

     དཔེར་ན། ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་དང་སི་ཁྲོན་ཞིང་ཆེན་ཐོན་ཁུངས་མ་དངུལ་གཏོང་འཇོག་ཚོགས་པའི་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གཉིས་ཀྱིས་སྣེ་ཁྲིད་དེ་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར25ལྡན་པའི་ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩའི་སི་ཁྲོན་གྱི་ཡན་ལག་ཐེབས་རྩ་བཙུགས་ཏེ། སྤྱི་ཚོགས་ཐོག་གི་མ་དངུལ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ་ཐུན་མོང་དུ་ལིས་གློག་ཐོན་ལས་མ་ཆག་པའི་སྔོན་གྱི་ལིས་གཏེར་ཐོན་ཁུངས་ལ་སྙོམས་སྒྲིག་བྱ་རྒྱུ་རེད། སྔོན་ཚོད་བྱས་ན་མི1200ཐད་ཀར་ལས་ཞུགས་བྱ་རྒྱུར་སྣེ་ཁྲིད་བྱ་ཐུབ་པ་དང་། གཞན་བརྒྱུད་ཀྱིས་མཐའ་འཁོར་གྱི་མི་འབོར་དབུལ་པོ་མི་ཁྲི3ཙམ་ལ་ཕན་ཐོགས་ཐུབ་པ་རེད།

     ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྣེ་ཁྲིད་པ་དང་། ནོར་སྲིད་པུའུ་ཞུགས་ཏེ་གྲོས་མོས་ཞུ་བ་དང་། འབྲེལ་ཡོད་ཀྱི་ཀྲུང་དབྱང་ཁེ་ལས་ཀྱིས་ཐུན་མོང་དུ་མ་དངུལ་གཏོང་འཇོག་བྱས་ཏེ་བཙུགས་པ་རེད། མ་དངུལ་ཐེངས་གཉིས་བསྡུ་རུབ་བྱས་པར་བརྒྱུད། མིག་སྔར་ཐེབས་རྩར་མ་དངུལ་སྒོར་དུང་ཕྱུར153.86བསྡུས་ཡོད་པ་དང་། ད་ལོའི་སྤྱི་ཟླ8པའི་ཟླ་མཇུག་ཏུ་བསླེབས་དུས་རིམ་རྩིས་བྱས་ན་ལས་གཞི་ཁག55ལ་མ་དངུལ་སྒོར་དུང་ཕྱུར116.77གཏོང་འཇོག་བྱས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་ཚད་ལོན་བྱུང་ཚད་བརྒྱ་ཆ93.9ལ་ཟིན།
  • ལེ་ཚན་རྗེས་མ།:2017ལོ་ནས2018ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་ཁ་གསབ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར11.2བཀོད་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།