མི་རེ་འགའ།

ཉི་མ་རྡོ་རྗེ།        2018-09-20

ཀ་ར་ལྟ་བུའི་གཏམ་སྙན་ངག་ནས་སྨྲ།།

ཁ་ནས་ཅི་འདོད་སྨྲ་བཞིན་གཞན་མགོ་བསྐོར།།

ག་ན་ཡིན་ཡང་ཁོང་དུ་དུག་གསུམ་བཀང་།།

ང་ཚོའི་ལུང་བར་དེ་འདྲའི་སྐྱེས་བུ་མང་།།

ཅ་ཅོ་གཏམ་དང་རང་དོན་འབའ་ཞིག་བསྒྲུབ།།

ཆ་ཤས་བུ་མོ་ཐབས་དང་རྒྱུ་ཡིས་བསླུ།།

ཇ་རྒོད་འཐུང་འདྲའི་འདོད་ཆགས་ཁོང་ནས་རྒྱས།།

ཉ་ཉོག་བྱ་བས་གཞན་ནོར་ཐབས་ཀྱིས་ལེན།།

ཏ་ཐ་ག་དའི་མིང་འཛིན་རྒྱ་བླ་ཡིན།།

ཐ་མ་རང་གཞན་ཚང་མ་འཁོར་བར་བཙུད།།

ད་ལྟ་སྐྱིད་ཀྱང་ཕྱི་མར་དམྱལ་བར་ལྷུང་།།

ན་མཉམ་གྲོགས་པོ་རྣམས་ཀྱིས་ཡིད་ལ་ཞོགས།།

པ་ཊའི་རིས་དང་འདྲ་བའི་གྲོང་ཁྱེར་ནང་།།

ཕ་རོལ་མགོ་སྐོར་ལས་ལ་འདུར་མཛད་པ།།

བ་གླང་ལྟ་བུའི་བླུན་པོ་མགོ་བསྐོར་བ།།

མ་རྒན་བཙོང་ལ་ཐེ་ཚོམ་མེད་པ་འདྲ།།

ཙ་ཙིག་སྒེར་དོན་ཉུང་ཉུང་སུས་མི་བསྒྲུབ།།

ཚ་གྲང་སྙོམས་པའི་ལས་ཀ་སུས་མི་བྱེད།།

ཛ་དྲག་ཁེ་སྤོགས་ཆེ་ན་རང་ཚུགས་ཤོར།།

ཝ་སྤྱང་ཁྱི་འབྲེལ་བྱེད་ན་ངོ་ཚ་འོང་།།

ཞ་ཞོར་རང་དོན་བསྒྲུབ་ན་ངང་གིས་འགྲུབ།།

ཟ་འཐུང་ལོངས་སྤྱོད་མཁས་ན་ཚང་མས་བསྟོད།།

འ་ཅག་རྣམས་ཀྱིས་ཡ་རབས་སྤྱོད་ལ་འབད།།

ཡ་མེད་དེ་ཚོར་རྟག་ཏུ་འགྲོགས་མི་འོས།།

ར་མ་རྒད་པོ་འདྲ་བའི་ཨུ་ཚུགས་ཅན།།

ལ་ལུང་གང་དུ་གནས་ཀྱང་སྤངས་བའི་རྒྱུ།།

ཤ་ཚ་སྙིང་རྗེ་མ་བྱེད་དུག་ལྟར་སྤོངས།།

ས་དང་ལམ་གྱི་དཔེ་དང་ཅི་བཞིན་དུ།།

ཧ་ཅང་ཞིབ་པའི་བློ་དང་རིག་ལ་བརྟེན།།

ཨ་བོ་གྲོགས་ངན་རྣམས་དང་རྒྱུན་དུ་ཕྲོལ།།


  • ལེ་ཚན་སྔོན་མ།:སྒྱུ་མའི་ལྷ་མོར་ཕུལ་བའི་ཤུགས་གླུ
  • ལེ་ཚན་རྗེས་མ།:བསྔོ་སྨོན།