ང་དང་ལྷ་སའི་གཏམ་རྒྱུད།

ཕུར་བཀྲ།        2018-09-20

    ཉི་འོད་ནི་བརྩེ་བས་ཕྱུག་པའི་བགྲེས་སོང་ཞིག་དང་འདྲ་བར་ཉི་མ་ལྷ་སའི་རི་ར་བ་ཁང་ཁྱིམ་དང་ཕོ་བྲང་པོ་ཏཱ་ལའི་གསེར་ཏོག གཙུག་ལག་ཁང་གི་ཡང་སྟེང་དང་བར་སྐོར་གྱི་བསང་དུད། ར་མོ་ཆེའི་སྲང་ལམ་དང་ཁྲོམ་གཟིགས་སྒང་གི་ཟམ་མགོ འབྲས་སྤུངས་དགོན་པའི་གོས་སྐུ་དང་སེ་ར་དགོན་པའི་བྲག་བརྐོས། ནོར་བུ་གླིང་གའི་སྐྱེད་ཚལ་དང་ལྷ་ཀླུ་འདམ་རའི་བརླན་ས་སོགས་གང་སར་རང་དབང་ངང་འཕྲོས་འདུག ཆུ་མོ་བཞིན་བཞུར་བའི་མོ་ཊ་དང་ལྗོན་པའི་ལོ་མ་རླུང་གིས་བསྒུལ་བ་བཞིན་ཤིག་ཤིག་ཏུ་འགུལ་བའི་མི་ཚོགས། རྒྱང་རིང་ནས་མཇལ་སྐོར་དང་སྤྲོ་འཆམ་ལ་ཡོང་མཁན་དང་ཐག་ཉེ་ནས་ཞོར་ལས་པ་དང་ཚོང་རྩག་རྩིག་བྱེད་མཁན་གྱི་མི་རྣམས་ནི་གློ་བུར་བརྡོལ་བའི་ཆུ་ཀླུང་བཞིན་ལྷ་ས་གྲོང་ཁྱེར་གྱི་སྟོད་སྨད་བར་གསུམ་དང་གནས་དེའི་ཉེ་རྒྱང་གང་རུང་དུ་ཁྱབ་འདུག མི་ཚོགས་ཀྱི་རྦ་རླབས་ལྷོ་སྤྲིན་བཞིན་གཡོ་དུས་ང་ཚོས་སོ་སོའི་ལུས་ལ་འཕྱོར་གོས་སྣ་ཚོགས་བསྣམས་ནས་ལོ་རེའི་ཆེས་རེ་སྒུག་ཆེ་བའི་དུས་སྐབས་དེ་ཞོ་སྟོན་ལ་རོལ་བར་བྲེལ། ང་ཚོ་དགའ་སྤྲོས་སྨྱོ་བཞིན་ལོ་རེར་ཐེངས་རེར་མ་གཏོགས་མེད་པའི་ལྷ་སའི་ཞོ་སྟོན་ལ་གླིང་ག་གཏོང་བར་བྲེལ། མི་ཚེ་བྲེལ་འཚུབ་ཀྱིས་སྐྱེལ་བཞིན་པའི་ང་ཚོས་ཅིས་ཀྱང་བྲེལ་འཚུབ་ངང་གླིང་ག་གཏོང་ཞིང་ཞོ་སྟོན་ལ་རོལ།

    ལོ་རྒྱུས་ནི་གཙང་བོ་ལྟར་བཞུར་མཚམས་མི་ཆད་ཅིང་ལྷ་ས་ནི་ལོ་རྒྱུས་ཀྱི་གཙང་བོ་འབབ་ཡུལ་གྱི་གྲུ་ཁ་ཞིག་དང་འདྲ་ལ་ལོ་རྒྱུས་ཀྱི་གཙང་བོའི་བཞུར་རྒྱུན་ཁྲོད་དུ་ཀོ་གྲུ་ལྟ་བུའི་ཞོ་སྟོན་ནི་ལྷ་སའི་གྲུ་ཁ་ནས་ལོ་རེར་ཐེངས་རེར་རོལ་ཆོག ཞོ་སྟོན་དུ་མཆོད་མཇལ་བྱས་ཆོག་ལ་གླིང་ག་གཏོང་ཆོག་པར་མ་ཟད། ངལ་གསོ་ཡང་ཡིད་ཚིམས་པ་རེ་བརྒྱབ་ཆོག ལྷ་སའི་མི་རྣམས་ཀྱི་ལུས་སེམས་ལྷོད་ལ་ཕབ་ནས་ངལ་གསོ་ཡིད་ཚིམས་པ་ཞིག་རྒྱག་པའི་དུས་སྐབས་ནི་ཞོ་སྟོན་རེད། ཞོ་སྟོན་སྐབས་སུ་གླིང་ག་གཏོང་བས་རེད།

    དུས་དེར། ལུས་སེམས་བག་ལྷོད་ངང་གླུ་དང་གར་གྱི་ལྟད་མོར་རོལ་ནས་ངལ་གསོ་ཡིད་ཚིམས་པ་ཞིག་བརྒྱབ་ཆོག་ལ་ཆང་མཆོད་པ་དང་ཞོ་བཏུང་བ། རྩེད་དགོད་ལའང་རོལ་ཆོག དེ་ནི་ལུས་སེམས་གཉིས་ཀས་མྱངས་པའི་བདེ་བ་དཔག་ཏུ་མེད་པ་ཞིག་མ་ཡིན་ནམ། ལུས་སེམས་གཉིས་ཀ་བག་ལྷོད་དུ་གནས་ཤིང་བདེ་བ་མྱོང་བའི་གོ་སྐབས་འདིས་ང་ཚོའི་ཚེ་སྲོག་ལ་གསོན་ཤུགས་གསར་བ་རེ་སྣོན་སྲིད།

     ཞོགས་པ། མི་ཚོགས་བྲེལ་འཚུབ་ངང་སྔ་ཕྱི་བྱས་ནས་འབྲས་སྤུངས་དགོན་པ་དང་སེ་ར་དགོན་པའི་གོས་སྐུ་མཇལ་རྗེས། སླར་ཡང་བྲེལ་འཚུབ་ངང་དགོན་པ་གཞན་ལའང་མཆོད་མཇལ་དུ་ཕྱིན་འགྲོ།

      སྔོ་ལྗང་གི་སྤང་ཐང་དང་ཡིད་འོང་གི་མེ་ཏོག་སྣ་ཚོགས། མཚེའུ་ཆེ་ཆུང་དང་འདབ་ཆགས་ཀྱི་སྐད་སྙན། མི་མང་གི་དགོད་སྒྲ། ཨ་རག་གི་དྲི་ངད་དང་ཡིད་དབང་འཕྲོག་པའི་ལྷ་མོའི་ཟློས་གར་སོགས་ནི་ནོར་བུ་གླིང་གར་མངོན་ཡོང་ལ་ནོར་བུ་གླིང་ག་ནས་ལུས་སེམས་བག་ལྷོད་པོའི་ངང་ནས་ལྟད་མོ་སྣ་ཚོགས་ལ་གཡེང་ཆོག འཚོ་བ་ནི་ཇི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་། མཚམས་རེར་ཨ་ཅག་ཚོས་འཛུམ་མདངས་སྟོན་བཞིན་ལྷུག་ལྷུག་དགོད་ལ་ལན་རེར་རྨོ་མོ་ཚོས་དད་པའི་སྤུ་ལོང་ལ་གཡོ་བ་མེད་པར་ཕྱག་གཉིས་ཐལ་མོ་སྦྱར་ནས་གཟབ་ནན་ངང་སྨོན་ལམ་འདེབས། ཡང་ཕྲུ་གུ་མང་བོས་རྩེད་དགོད་ཀྱི་རྣམ་པ་ཅི་དགར་མཐོང་སྲིད་ལ་ལྷ་མོའི་ཟློས་གར་གྱི་སྙན་འཇེབས་ཀྱི་དབྱངས་རྟས་མི་རེ་རེ་མཛེས་སྡུག་གི་ཕྱིར་དྲན་གྱི་ཀློང་ལ་རང་དབང་མེད་པར་འཁྲིད་སྲིད། ཉི་མ་ལྷ་སའི་མཛེས་སྡུག་གི་རྣམ་པ་རེ་རེ་ནི་མི་སེམས་ལ་བག་ཆགས་འཇོག་པའི་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་བརྩམས་ཆོས་རེ་རེ་དང་ཇི་འདྲའི་མཚུངས། ད་དུང་པར་ཆས་ཐོགས་པའི་སྤྲོ་འཆམ་པ་དང་ཕྲེང་བ་བསྣམས་པའི་མཇལ་སྐོར་བ་ཚོས་འཛུམ་མདངས་སྟོན་བཞིན་སོ་སོས་དམིགས་ཡུལ་ལྟར་ལྗོན་པའི་གྲིབ་བསིལ་འོག་ནས་ཨ་རག་མཆོད་ཅིང་ཁ་བརྡར་གཡེང་། ནོར་བུ་གླིང་ག་ནི་འཛུམ་མདངས་དང་དགོད་སྒྲས་ཁྱབ་པའི་གླིང་ག་ཞིག་རེད་ཅེས་མི་རྣམས་ཀྱིས་ཡང་དང་ཡང་དུ་བཤད་བཞིན་འདུག

     ཞོ་སྟོན་ནི་ལྷ་སའི་མི་རྣམས་ཀྱིས་སོས་དལ་བག་ཡངས་ངང་ལོངས་སུ་སྤྱོད་ཆོག་པའི་གླིང་ག་གཏོང་སྲོལ་ཞིག་རེད། སོས་དལ་བག་ཡངས་ངང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་གོམས་སྲོལ་ཡག་པོ་ཞིག་ཀྱང་རེད། དུས་རབས་མང་བོར་ཟམ་མ་ཆད་པར་འོང་པའི་ལྷ་མོའི་ཟློས་གར་ནི་ཆོས་ལུགས་ཀྱི་ཆོ་ག་དང་འབྲེལ་འདུག་པར་མ་ཟད་དམངས་ཕལ་བའི་འཚོ་བའི་ཁྲོད་ཀྱི་མེད་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་འདུག ཞོ་སྟོན་དང་ལྷ་མོའི་ཟློས་གར་གྱིས་མི་རྣམས་ལ་འཛུམ་མདངས་དང་དགོད་སྒྲ་བསྐྱལ་ཡོང་ལ་བདེ་སྐྱིད་དང་ལྷན་འཛོམས་ཀྱང་བསྐྱལ་ཡོང་། དེ་བས་མི་རྣམས་ཀྱིས་རེ་སྒུག་བྱེད་ས་ནི་ཞོ་སྟོན་ཡིན་ལ་ལྷ་མོའི་ཟློས་གར་ཡང་ཡིན། ལྷ་མོའི་ཟློས་གར་གྱི་སྙན་འགྱུར་དང་གར་སྟབས་རེ་རེས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་དྲངས་འགྲོ་ལ་ནོར་བུ་གླིང་གའི་སྤང་ཐང་དུ་དགོད་སྒྲ་བར་མེད་གྲག་གིན་འདུག ཞོ་སྟོན་དང་ལྷ་མོའི་ཟློས་གར་གྱིས་བསྐྱལ་འོང་བའི་འཚོ་བ་ནི་ཇི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་།

     ལྷ་ས་ནི་གཏམ་རྒྱུད་མང་བོས་གྲུབ་པའི་གཏམ་རྒྱུད་ཅིག་ཡིན་ལ་གཏམ་རྒྱུད་དེ་རུ་རྒྱལ་རབས་ཤིག་གི་དར་རྒུད་དང་བཙུན་མོ་ཚོའི་འཕྱོར་སྒེག བློན་པོ་ཚོའི་གཟབ་ནན་དང་འབངས་མིའི་རྔུལ་ཆུ། གྲྭ་བཙུན་ཚོའི་སྒོམ་སྒྲུབ་དང་སྐུ་དྲག་ཚོའི་བག་ལྷོད་ནི་དུས་ཚོད་ཀྱིས་ཡང་ཡང་མགར་ནས་གྲུབ་པའི་གཏམ་རྒྱུད་དམིགས་བསལ་བ་ཞིག་རེད། གླེགས་བམ་དང་ལྡེབས་རིས་སུ་མངོན་པའི་གཏམ་རྒྱུད་དང་ཆུ་ཀླུང་དང་ལྗོན་པའི་གསེབ་ནས་འབུས་པའི་གཏམ་རྒྱུད་ཀྱང་ལྷ་སར་ཁོ་ནར་དབང་ཆོག་པའི་གཏམ་རྒྱུད་ཅིག་རེད། ལྷ་སའི་གཏམ་རྒྱུད་ནི་དཔེ་དེབ་དང་ཚིག་རྒྱན་གྱི་ཁྲོད་དུ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཞིག་རེད། ཉི་འོད་ཀྱི་ཟེགས་མ་དང་སྐྱིད་ཆུའི་རླབས་རྒྱུན་ནི་ལྷ་སའི་གཏམ་རྒྱུད་གྲུབ་བྱེད་ཀྱི་བསྐལ་བ་སྟོང་གི་གླུ་སྐད་གསང་བོ་དེ་རེད།ལོ་རྒྱུས་ཀྱི་མེ་ལོང་ནང་དུ་འཚང་བའི་གཏམ་རྒྱུད་ཀྱི་ངོ་གདོང་དང་མིག་ཟུང་ནི་ལྷ་སའི་མི་རེ་རེའི་གདོང་ལ་ཕོག་པའི་ལྷགས་པ་གྲང་མོ་དེ་རེད། འཁྱུག་ཙམ་གྱིས་བཞུད་འགྲོ་བའི་དུས་ཚོད་དང་བྱ་དངོས་ནི་ལྷ་སར་ཅུང་ཙམ་རྒྱུན་རིང་དུ་སྡོད་པ་ནང་བཞིན་ལྷ་སའི་གཏམ་རྒྱུད་ནི་ལྷ་སའི་མི་རེ་རེའི་ངག་ཏུ་ལྷུན་ཆགས་སུ་འཁྱིལ་འདུག

    ཉི་མ་ནི་ལོ་ན་ཤིན་ཏུ་མཐོ་བའི་བགྲེས་སོང་ཞིག་དང་འདྲ་བར་ནུབ་ཕྱོགས་སུ་ག་ལེར་སྐྱོད་ཅིང་ཉི་མ་ལྷ་སའི་རི་ར་བ་ཁང་ཁྱིམ་སོགས་ཀྱིས་གྲིབ་མའི་ལྭ་བ་ནག་པོ་རེ་གྱོན་ནས་ཉི་མའི་རྗེས་སྙེག་གིན་འདུག གསེར་འོད་ལམ་ལམ་འཕྲོ་བའི་ཕོ་བྲང་པོ་ཏཱ་ལའི་རྒྱ་ཕིབས་དང་སྐྱིད་ཆུའི་འཕྱོ་འཇགས་ཀྱི་ལང་ཚོར་དུས་ཚོད་ཀྱི་རྦ་རླབས་ཀྱིས་རྒྱུན་ཆད་མེད་པར་བྲབས་ཤིང་མི་རེ་རེའི་འཚོ་བའི་ཁྲོད་ཀྱི་དུས་ཚོད་ནི་ཞོ་སྟོན་ལྟ་བུར་བཀོལ་བ་ཧ་ཅང་ཉུང་ནའང་ཁོ་ཚོའི་གདོང་གི་འཛུམ་མདངས་ནི་དུས་ཚོད་ཁོ་ནས་མེད་པར་བཟོ་ཐུབ་པ་ཞིག་མ་རེད། ཁོ་ཚོའི་འཛུམ་མདངས་ཀྱི་ཀློང་ན་སུས་ཀྱང་ཚོར་ཐུབ་པའི་བདེ་སྐྱིད་དང་རེ་སྙེག་བསྐུང་ཡོད་ལ་ཞོ་སྟོན་དང་ལྷ་མོའི་ཟློས་གར་གྱིས་མཚམས་མཚམས་སུ་ལྷ་སའི་མི་རྣམས་ལ་བདེ་སྐྱིད་དཔག་ཏུ་མེད་པ་རེ་བསྐྱལ་ཡོད་པ་ནི་ལྷ་སའི་མི་རེ་རེའི་འཛུམ་མདངས་ལས་མངོན་ཡོང་།

ཉིན་དེའི་མུན་ཡོངས་སུ་རུབ་རྗེས། བདག་གིས་ཨ་མདོའི་སྐད་གྲགས་ཆོད་པའི་རྡུང་ལེན་པ་བདུད་བྷེས་བླངས་པའི《ལྷ་ས་དྲན་གླུ》ལ་ཉན་ཞོར་ལྕགས་རྟ་ཞོན་ནས་ནང་ལ་ལོག


  • ལེ་ཚན་སྔོན་མ།:གཏམ་རྒྱུད།
  • ལེ་ཚན་རྗེས་མ།:དཔེ་མཛོད་ཁང་གི་དཔེ་ཆ།