སྒྱུ་མའི་ལྷ་མོར་ཕུལ་བའི་ཤུགས་གླུ

བྲན།        2018-09-20

ལྷོ་ནས་ལྷོ་རུ་ལྡིང་བའི་སྤྲིན་དཀར་གྱི་ཕུང་བོ།།

སྐྱི་བསེར་རླུང་གིས་དེད་པའི་ངང་ཚུལ་ལ་ཞེན་པས།།

འདི་ནས་ལྷོ་རུ་བརྐྱངས་པའི་ཚེ་སྲོག་གི་དར་སྐུད།།

ཁྱོད་ཀྱི་དྲུང་ལ་འཐེན་པའི་མི་ཡུལ་གྱི་ལྷ་དར།།

 

སྐད་ཅིག་འགྱུར་བའི་ལོ་ཟླའི་གྲུ་ཆུང་ལ་བསྡད་ནས།།

ཁྱོད་ཀྱི་གམ་ལ་ཐོན་པའི་ལས་སྐལ་དེ་རིང་ཡང་།།

བརྩེ་སེམས་ཀུན་གསལ་བུ་མོའི་དབྱིངས་རིམ་ན་འཛུམ་པའི།།

རིག་བྱེད་གསར་བའི་མུ་ཏིག་ཁྱོད་ཕྱོགས་ལ་གཏོར་ཡོད།།

 

བསླུ་བྲིད་མོག་པོར་གྱུར་བའི་རྒྱུ་སྐར་ལ་ཅེར་ཏེ།།

མཚམ་མོ་ལྷིང་འཇགས་དཀྲོགས་ནས་ཡས་མས་སུ་སོང་ཚེ།།

འཁྲུལ་བ་རླུང་གིས་ཁུར་བའི་གཏམ་རྒྱུད་ཅིག་ཐོས་ཀྱང་།།

ཁྱོད་ཀྱི་རྣམ་ཤེས་འགུག་པའི་རོལ་དབྱངས་ཤིག་རྙེད་ཡོད།།

 

སྣ་ཚོགས་ལས་ཀྱིས་བཀོད་པས་ཕྱོཊ་མེད་དུ་འཁྱམས་ཤིང་།།

ཡིད་ཀྱི་ཟབ་སར་བཞད་པའི་སྒྱུ་འཕྲུལ་གྱི་མེ་ཏོག།

རྟེན་འབྱུང་ལང་ཚོ་སྒེག་པའི་སྙིང་དབུས་ཀྱི་ཚལ་ནས།།

ཁྱོད་ཀྱི་བརྩེ་བ་མཚོན་པའི་དན་རྟགས་སུ་བཞེངས་ཡོད།།

 

དམ་ཚིག་ཡིད་བཞིན་ནོར་བུ་གཅེས་གཅེས་རང་བྱས་ཏེ།།

འཕྲལ་ཕུགས་གཉིས་ལ་ཕན་པའི་དམ་ཆོས་ཀྱི་སྒྲོན་མེ།།

སྙིང་གི་མུན་པ་སེལ་བའི་བརྡ་ཐབས་སུ་སྒྲོན་པ།།

ཁྱོད་ཀྱི་ཐུགས་ཡིད་ཚིམས་པའི་མཆོད་སྤྲིན་ཞིག་ཡིན་ནོ།།

 

གངས་དཀར་ཨ་མར་ཕུལ་བའི་གླུ་སྐད་ཀྱི་གསེབ་ནས།།

སྟོང་གཟུགས་སྒྱུ་མའི་ཟོལ་སྦྱོར་མགྲོན་པོ་ལ་ཡོང་བས།།

རྣག་དང་ཁྲག་གིས་བརླན་པའི་རྐང་གླིང་འདིའི་འགྱུར་ཁུགས།།

ཁྱོད་ལ་གསོལ་སྟོན་ཞིག་གི་ངང་ཚུལ་དུ་ཕུལ་ཡོད།།

 

གང་སྣང་བདེན་པར་འཛིན་པའི་རྩེད་འཇོ་ཡི་དབུས་ནས།།

སྒྱུ་འཕྲུལ་སྒྱུ་མའི་ཟློས་གར་ཕྲག་བརྒྱ་ཡིས་བསླུས་ཀྱང་།།

ཁ་བའི་བླ་སྲོག་སྦྲུམ་པའི་དགོས་འདོད་ཀྱི་ནོར་བུ།།

ཞབས་རྗེས་གངས་ལ་བཞག་པའི་རི་མོ་དེ་མ་ཡིན།།

 

ལན་རེར་ཡོད་ཚད་རྟོགས་པས་ཉམས་སྣང་གིས་ཁེངས་ཤིང་།།

མཚམས་རེར་རིག་བྱེད་སྐུད་པའི་སྣེ་མོ་ལ་འཇུས་པ།།

འདི་ཞེས་བསྙད་དུ་མེད་པས་འཕྲུལ་སྣང་གི་ཞགས་པས།།

སེམས་ཀྱི་ཡོད་ཚད་བཅིངས་པའི་རྣམ་པ་འདི་མཚར་ཨང་།།

 

ཡོད་མེད་བློ་ཡིས་བཞག་པའི་རང་རང་གི་ལྟ་བ།།

ནམ་ཡང་བཤིག་ཏུ་མེད་པ་ཆོས་ཉིད་ཀྱིས་གྲུབ་པས།

བདེན་རྫུན་དབྱེ་བ་འབྱེད་པའི་དཔྱོད་ཤེས་ཤིག་ཡོད་ན།།

རིག་བྱེད་གསེར་གྱི་ཐམ་ཀས་ཕྱག་རྟགས་ཤིག་གནང་རོགས།།

 

འཇིག་རྟེན་སྣང་བར་ཞེན་པའི་ལྷོ་ཕྱོགས་ཀྱི་ཟླ་བས།།

ཕྱིན་དྲུག་པདྨ་དཀར་པོའི་ལང་ཚོ་དེ་འཕྲོགས་སོང་།།

སྟེང་ཕྱོགས་དྲི་ཟའི་ཚལ་གྱི་ཕོ་བྲང་ན་བཞུགས་པའི།།

ཚངས་སྲས་མ་ཀྱེ་བདག་གི་སྙིང་དབུས་ལ་འབྱོན་རོགས།།

 

མ་རིག་རྣམ་རྟོག་བདུད་ཀྱི་ཟློས་གར་དུ་རྩེན་པའི།།

རིགས་དྲུག་འགྲོ་བ་བསླུས་པའི་གྲངས་ཀ་ལ་ཚད་མེད།།

ཕྱི་མའི་གྲོག་རོང་བརྒལ་བའི་དུས་ཚིགས་ལ་སླེབས་ཚེ།།

གསོན་པའི་ཁོ་ཐག་ཆད་པའི་ངང་ཚུལ་འདི་སྐྱོ་བ།།

 

སྐྱོ་གདུང་ཁྲག་གིས་བསྒྱུར་བའི་དེ་རིང་གི་མཚམས་སྤྲིན།།

ཕུགས་བསམ་འོད་དུ་འཚེར་བའི་ཞོགས་དུས་ཀྱི་ཉི་གཞོན།།

འདུ་འབྲལ་སྟོན་མཚན་ནམ་མཁའི་དགུ་ཚིགས་ཀྱི་རྒྱུ་སྐར།།

བཅོས་མིན་སེམས་ཀྱི་སྣང་བའི་འོད་དཀར་ལ་འདྲེས་བྱུང་།།

 

ཕན་ཚུན་བརྩེ་བའི་ན་བུན་དབྱིངས་རིམ་ལ་ཡལ་ཀྱང་།།

དགྱེས་པའི་འཛུམ་མདངས་མཚོན་པའི་སྟེང་འཕུར་གྱི་བསིལ་ཟེར།།

ཆགས་ལྡན་གཞོན་ནུ་གང་གི་ལུས་ཕུང་ལ་རེག་ཚེ།།

ཚོར་བའི་དར་སྣེ་ལྷོད་པའི་ཉམས་སྣང་ཞིག་འདུག་གོ།

 

དུང་དུང་ཕ་ཡུལ་ཕྱོགས་ཀྱི་ཚོང་འདུས་ཀྱི་མགྲོན་པོ།།

ད་ནངས་ཡུལ་ལ་ཆས་པའི་གཏམ་རྒྱུད་ཀྱི་ཀློང་ན།།

རིགས་ཀྱི་འདུ་ཤེས་གླེང་བའི་བཙན་པོ་ཞིག་མཐོང་བ།།

བསྟོད་པའི་མཐེ་བོང་བསྒྲེང་སའི་སྙིང་གྲོགས་ཤིག་ཡིན་སྐད།།

 

གང་སྣང་ཡོད་ཡོད་འདྲ་བའི་བར་སྣང་གི་འཇའ་ཚོན།།

དུང་སེམས་ཉི་ཟླའི་འོད་ཀྱིས་གསལ་གསལ་དུ་སོང་ཚེ།།

མི་མཐོང་ནམ་མཁའི་དབྱིངས་ནས་བྱིན་རླབས་ཀྱི་སྦྲང་ཆར།།

འཇོ་བའི་སྐལ་བཟང་བྱུང་ན་ཨེ་མ་ཧོ་སྐྱིད་པ།།

 

རྒྱུས་མེད་གཤིན་རྗེས་ཡོང་བའི་ངང་ཚུལ་ལ་བསམ་ནས།།

ཕྱི་མའི་འཕྲང་རིང་འགྲིམས་པའི་གྲ་བསྒྲིགས་ཀྱང་བྱས་ཏེ།།

དམ་ཚིག་ཤེལ་གྱི་བུམ་པ་དག་གཙང་ཞིག་གཉོར་ན།།

དེ་ལས་ལྷག་ཏུ་མཛེས་པའི་རྒྱན་ཆ་ཅིག་མེད་དོ།།

 

དུང་བ་འཇའ་སྤྲིན་ཁ་བའི་མེ་ཏོག་གི་འདབ་ལོ།།

བརྩེ་བ་ཞིམ་པོ་རྒུན་ཆང་སྐྱུར་མོ་ལ་ལྷུང་བས།།

རྟོག་བཏགས་སྒྱུ་མའི་ལྷ་མོ་སེམས་པ་ལ་རླན་ནས།།

སྙུག་གུའི་འཁྱུག་རྩལ་ངོམས་པའི་སྐལ་བཟང་ཞིག་བྱུང་ན།།

 

སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད་དུ་བསྒོམ་ཞོར།།

ཡིག་དྲུག་ངག་ནས་ཟློས་པའི་རྟེན་འབྱུང་གི་ཤུགས་གླུ།

གླེགས་བམ་མེ་ཏོག་བཞད་པའི་ལྡིང་ཁང་གི་ཚལ་ན།།

གཅིག་བུར་གར་ཏུ་རྩེན་པའི་བྲན་མིང་བས་བླངས་སོ།།


  • ལེ་ཚན་སྔོན་མ།:དྲང་པོར་མི་གནས་པའི་འཇིག་རྟེན།
  • ལེ་ཚན་རྗེས་མ།:མི་རེ་འགའ།