ལང་ཚོའི་ངར་སྒྲ།

སྦར་བཟའ་དབང་ཆེན་མཚོ།        2018-09-14

   ལོ་རྒྱུས་ཀྱི་གླེགས་བམ་རེ་རེ་མཛུབ་རྩིས་ཀྱིས་བསྒྱུར་དུས་ངའི་ཕ་ཡུལ་ཟུར་ཙམ་ཡང་མཐོང་མ་བྱུང་། དུས་རབས་ཀྱི་གསར་འགྱུར་རེ་རེ་བར་སྣང་འཕྲིན་ལམ་ནས་སྒྲོག་དུས་ངའི་ཕ་ཡུལ་གྱི་དར་རྒུད་ཐོས་མ་བྱུང་། ཕ་ཡུལ། མཚམས་རེར་དབྱིངས་རིམ་གྱི་རྒྱུ་སྐར་བཞིན་ང་དང་བར་ཐག་ཤིན་ཏུ་རིང་བ་འདྲ་ལ། ལན་རེར་སྤུན་ཟླའི་བརྩེ་འདང་བཞིན་ང་དང་བར་ཐག་ཧ་ཅང་ཉེ། ནེའུ་གསིང་གི་ཚལ། སྤངས་ལྗོངས་ཀྱི་དབུས། ཆུ་བོ་ཡི་འགྲམ། རྫ་རི་ཡི་འདབས་རོལ་དུ་བག་ལྷོད་ལྷོད་དུ་འཚོ་བའི་ངའི་ཕ་ཡུལ། ཡང་ན། ཁུ་སིམ་དང་ལྷིང་འཇགས་ཀྱིས་གནས་པའི་ངའི་ཕ་ཡུལ། ཁྱེད་ཀྱི་ཕྱི་ནང་གསང་གསུམ་ནི་སུས་ཀྱང་ཇི་བཞིན་བརྗོད་མི་ཤེས་པའི་དོན་གྱི་གཏམ་རྒྱུད་ཀྱི་གསང་བ་ཡིན།

  ནམ་རྒྱུན་ང་ཕ་ཡུལ་ལ་ལོག་ཐེངས་རེར། དབྱར་གསུམ་མེ་ཏོག་སྣ་བརྒྱའི་དབུ་རྒྱན་ཁྲ་ལམ་བཏགས་ཤིང་། དཔྱིད་གསུམ་སྦྲང་ཆར་གྱི་གསེར་ཆབ་བུམ་པ་རུ་བསྐྱིལ་ཡོད། སྟོན་གསུམ་བསིལ་འཇམ་གྱི་རླུང་བུས་ངལ་བའི་རྔུལ་ཆུ་རྡོག་ཀྱང་། དགུན་གསུམ་ལྷགས་པ་དམར་པོའི་མེ་དཔུང་སྦྲུམ་ཡོད། འདིའི་ཁྲོད་དུ་ཡུལ་མི་ཚོ་རྟག་ཏུ་བྲེལ་འཚུབ་དང་ངལ་དུབ་ཆེ་བར་བལྟས་ན། ཁོ་ཚོའི་འཚོ་བ་ལ་ངལ་གསོ་བའི་དུས་ཤིག་མེད་པ་སྙམ། དེ་ནི་གང་ཞིག་ལ་འགྲན་སློང་བྱེད་པ་ལྟར་འདུར་རྒྱུགས་ཀྱི་ལས་ལ་བརྩོན། ཚེ་སྲོག་གི་སླད་དུ་འཚོལ་བསྙེག་བྱེད་པ་ནི་གཅིག་ལས་གཅིག་མགྱོགས་ཀྱི་ངོ་བོར་འཐིམས། རྫ་ཆུ་སྔོན་མོ་མདུན་ནས་མདུན་དུ་རྒྱུགས་པ་ནི་དུས་རབས་ཤིག་གི་འཕེལ་རྒྱས་དང་མཚུངས་ན། ངའི་ཕ་ཡུལ་ནི་དེ་ཡི་འབྱུང་ཁུངས་ཡིན། རྫ་ཆུའི་བཞུར་སྒྲ་ནི་ངའི་ཕ་ཡུལ་གྱི་ལང་ཚོའི་ངར་སྒྲ་དང་གཞོན་ནུ་ཚོའི་སྙིང་སྟོབས་ཡིན། རྫ་ཆུ་རྣ་བར་ལྷུང་ལྷུང་བཞུར་དུས་ངའི་སེམས་པའི་གཏིང་ལ་ཕ་ཡུལ་གྱི་རྔམ་བརྗིད་དྲན་ཞིང་། ངའི་རུས་པའི་ཧྭ་ལ་ཕ་ཡུལ་གྱི་ཉི་འོད་བརྒྱབ། ང་ཕ་ཡུལ་གྱི་པང་ལ་ལྷོད་ལྷོད་དུ་གནས་ཚེ། རྫ་ཆུའི་བཞུར་སྒྲ་ནམ་ཡང་རྒྱང་བསྐྱོད་བྱས་ཏེ་ཕ་ཡུལ་གྱི་ཟུངས་ཁྲག་ཁུར་བའི་ངལ་བ་ཐང་ལ་འཇོག་མྱོང་མེད།

    ཕ་ཡུལ་ཆོས་ཀྱི་དག་ཞིང་ཡིན་པས་རྒན་དར་གཞོན་གསུམ་གྱི་སྙིང་རྗེ་དང་ཞི་དུལ་གྱི་ལས་ལ་འབད། འདས་པོ་ལ་ལྷ་ཆོས་བསྒྲུབས་ཤིང་། འགྲོ་བ་ལ་སྨོན་ལམ་བཏབས། ཁོ་ཚོ་དྲང་བདེན་ལ་དགའ་བས་དཔལ་འབྱོར་ལ་རྔམ་སེམས་མེད། རྒྱུ་མཚན་དེས། ངའི་ཕ་ཡུལ་མཐོ་སྒང་ཆུང་ཆུང་ཞིག་ན་ཧ་ཅང་སྐྱ་ཐིང་ངེ་བ་ཞིག་ཡིན། དེ་བས་གཞོན་སྐྱེས་ཚོས་ནམ་ཞིག་ཕ་ཡུལ་གྱི་ཟེ་བ་ནས་འཐེན་ཞིང་ལག་པ་ནས་འཇུས་ཏེ། མདུན་སྐྱོད་ཀྱི་ལམ་བུ་གསར་བ་ཞིག་ཏུ་འཁྲིད་དགོས་ལ། ལང་ཚོའི་ངར་སྒྲ་སྒྲོག་བཞིན་འཚོ་བ་སྣུམ་པོ་ཞིག་ལོངས་སུ་སྤྱོད་ཅིང་། གསེར་འོད་འཚེར་བའི་རིག་གཞུང་ལ་འཇུག་པའི་རེ་བ་བཅངས།ང་ཚོ་ཕ་ཡུལ་ལ་དུང་བའི་མི་བུ་རེས་འདི་ལྟར་སྨོན་གྱིན་ཡོད། ཕ་ཡུལ་གྱི་གཞོན་ནུ་ཚོ། ལང་ཚོའི་ངར་སྒྲ་སྒྲོགས་དང་ཕ་ཡུལ་གྱི་རྫ་ཆུའི་བཞུར་སྒྲ་ཇེ་སྙན་རེད། ཅང་ཤེས་ཀྱིས་མཆོང་བསྐྱོད་བྱས་ཏེ་འཛམ་གླིང་གི་རྒྱ་ཁྱོན་འཇལ། ཐང་དཀར་གྱིས་གཤོག་ཟུང་བརྐྱངས་ནས་གླིང་བཞི་ཡི་མཛེས་སྡུག་ཚོར། ང་ཚོའང་དེ་དང་བསྟུན་ནས་མདུན་སྐྱོད་ཀྱི་གོམ་ཁ་བསྒྱུར་རན་འདུག ང་ཚོས་ནམ་ཡང་ཕ་ཡུལ་གྱི་འདས་མ་ད་གསུམ་གྱི་ཆེད་དུ་སྐྱིད་སྡུག་མཉམ་ཁུར་གྱི་ལས་ལ་བརྩོན།།

 


  • ལེ་ཚན་སྔོན་མ།:ང་དང་ངའི་དགེ་རྒན།
  • ལེ་ཚན་རྗེས་མ།:ཁྱིམ་དུ་ལོག་པ།