དྲན་པའི་ཁ་དོག

གངས་ཆབ་སྔོན་མོ།        2018-09-14

རྨ་རྒྱལ་གངས་དཀར་གྱི་དབུ་རྩེའི་གཡས་ནས།།

རི་བོང་འཛིན་མ་དེ་ཁད་ཀྱིས་འཛུམ་དུས།

བདག་ཡིད་མཚོ་ཆུང་གི་མེ་ལོང་ཡངས་མོར།།

ཞལ་རས་སྒོར་མོ་ཞིག་མ་སྐྱོམས་རང་སྐྱོམས།།

 

དྲན་པས་མ་ཁུགས་པའི་ལོ་ཟླ་ཞག་དུས།།

སྒང་རི་འཛོམས་པོ་དེའི་དར་ལྕོག་འདྲ་སྟེ།།

སྨེང་སྐྱོའི་ལྷགས་རླུང་གིས་བར་མེད་བསྒུལ་དུས།།

ཡ་ཆུང་སྟོད་སྨད་འདི་གཟེར་གྱིས་ཁེངས་འགྲོ།།

 

ལྷས་རའི་སྐྱེད་ཚལ་ཡི་དྲི་བསུང་མ་ལུས།།

སྒོ་དང་སྒེའུ་ཁུང་ལས་དལ་བུར་ལྡང་དུས།།

ཡིད་འོང་ན་ཆུང་མའི་ལུས་དྲི་ཞིམ་པོ།།

སྐད་ཅིག་དེ་ཉིད་དུ་རྔུབ་རྒྱུ་བྱུང་ན།།

 

ཁུ་ལོའི་གྲེ་འགྱུར་དེ་རྣ་བར་སྙན་པ།།

ལྗང་ལོའི་རང་མདངས་དེ་ཡིད་གར་འོང་བ།།

ང་དང་ཆུང་འདྲིས་ཀྱི་ཞལ་ངོ་སེམས་ངོ་།།

རི་ཆུ་ཁྲི་སྟོང་གི་ཕར་ནང་ཚུར་ནང་།།

 

སྡུག་ལ་སྤྲིན་པ་དེས་ཁ་སྣོན་བརྒྱབ་སོང་།།

གཞས་ལ་གཙང་ཆབ་དེས་སྐྱོར་མ་གནངས་ཡོང་།།

མ་ཤི་གསོན་བྲལ་གྱི་ཉེས་ལྟུང་འདི་ཀོ །།

གཤིན་རྗེའི་རྗེ་བོས་ཀྱང་ཐེག་ཚོད་མ་རེད།།

 

ལོ་ཟླའི་བཞུར་རྒྱུན་ལ་འཇགས་པ་མེད་ཀྱང་།།

དྲན་པའི་གཏིང་རིམ་ནས་བརྡོལ་བའི་མིག་ཆུ།།

མཁའ་མཐའི་སྤྲིན་པ་ལང་ལོང་དེར་བསྟབས་ཡོད།།

འབྱུང་ལུས་ཕྱི་བངས་ནང་བངས་ཤིག་ཤོག་ཅིག །


  • ལེ་ཚན་སྔོན་མ།:དགེ་རྒན་དྲན་པའི་མགུར་དབྱངས་དད་པའི་རང་མདངས།
  • ལེ་ཚན་རྗེས་མ།:སྟོན་ལོ་སེར་པོའི་དྲན་འཆར།