སློབ་གསོ་ཉིན་ཐོའི་ཟུར་ཞིག

གཅན་རོང་བསྟན་འཛིན།    སློབ་གསོ་ཐབས་ལམ་རྣམ་བཤད།    2011-04-18

 
­­­___དེ་རིང་གི་ལུགས་མཐུན་གྱི་སློབ་གསོ་འདི་ཡང་དུས་ཀྱི་བགྲོད་པ་དང་བསྟུན་ནས་ལུགས་དང་མི་མཐུན་པ་ཞིག་ཏུ་འགྱུར་སྲིད་ངེས་རེད།
­­___སློབ་གསོ་སྔོན་ཐོན་དང་རྗེས་ལུས་གྱི་གཞི་འཛིན་ས་ཉག་གཅིག་ནི་སློབ་མ་གཙོ་གཞིའི་རང་བཞིན་འདོན་སྤེལ་བྱས་མིན་གྱིས་ཐག་གཅོད་བྱེད་དགོས།
___(གལ་ཏེ་རང་གི་རྨི་ལམ་དུ་རྨི་ཐུབ་པ་ཞིག་ཡིན་ཕྱིན། བསྒྲུབ་ཀྱང་ཐུབ་ངེས་རེད།)
___སློབ་གསོའི་གཏེར་སྒོ་འབྱེད་པའི་ལྡེ་མིག་ནི་དྲི་རྟགས་ཤིགལས་མ་འདས།
___ལྟ་ཚུལ་གྱིས་མི་ཚེ་དང་ཐབས་ལམ་གྱིས་ལས་དབང་ཐག་གཅོད་ངེས་རེད།
___སློབ་གསོ་ནི་ཐོག་མར་རྨི་ལམ་ནས་མགོ་རྩོམ་དགོས།སློབ་གསོ་ཉིན་ཐོའི་ཟུར་ཞིག


___ཡར་སྐུལ་གྱིས་བླུན་པོ་འཇོན་མིར་གཏོང་ཐུབ་ལ། སྐྱོན་བརྗོད་ཀྱིས་འཇོན་མི་བླུན་པོར་སྒྱུར་ཐུབ།
___གལ་ཏེ་དགེ་རྒན་གྱིས་སློབ་མའི་སེམས་ཁམས་ཀྱི་གཏེར་ཁ་འདོན་པའི་འཕྲུལ་འདེགས་ལ་ཁ་ལོ་སྒྱུར་ཤེས་ཚེ། སློབ་མའི་ཤེས་ནུས་རྩལ་གསུམ་ལ་འཕོ་འགྱུར་མི་འབྱུང་ག་ལ་སྲིད། 
___བྱིས་པའི་འཕེལ་རྒྱས་ལ་སེམས་ཁུར་མི་བྱེད་པའི་སློབ་གསོ་ནི་ཁྲེལ་མེད་ཀྱི་སློབ་གསོ་ཞིག་དང་། བྱིས་པ་ཡོངས་ཀྱི་འཕེལ་རྒྱས་ལ་སེམས་ཁུར་མི་བྱེད་པའི་སློབ་གསོ་ནི་ཕྱོགས་རིས་ཅན་གྱི་སློབ་གསོ་ཞིག   བྱིས་པ་ཡོངས་ཀྱིས་སྤུས་ཚད་ཀྱི་ཕྱོགས་སོ་སོར་སེམས་ཁུར་མི་བྱེད་པའི་སློབ་གསོ་ནི་ཤི་མ་གསོན་གྱི་སློབ་གསོ་ཞིག་རེད།
___ཀུན་སྤྱོད་སྣང་མེད་དུ་འཇོག་པའི་སློབ་གསོ་ནི་སྣ་ནག་མའི་སློབ་གསོ་ཞིག་དང་ཤེས་བྱའི་སྤུས་ཚད་སྣང་མེད་དུ་འཇོག་པའི་སློབ་གསོ་ནི་ལོང་བ་ལྟ་བུའི་སློབ་གསོ་ཞིག་ཡིན། ངལ་རྩོལ་རྩལ་ནུས་སྣང་མེད་དུ་འཇོག་པའི་སློབ་གསོ་ནི་ལག་རྡུམ་ལྟབུའི་སློབ་གསོ་ཞིག་རེད།
___སྤྱི་ཚོགས་དང་མི་འཚམ་པའི་སློབ་གསོ་ནི་ཕམ་ཁའི་སློབ་གསོ་ཉག་གཅིག་རེད།
___ལྟ་ཚུལ་མི་འདྲ་བ་གླེང་མོལ་མེད་ཚེ་སློབ་གསོ་འཕེལ་རྒྱས་ཀྱི་གཞུང་ལམ་ཆད་སོང་བ་རེད།
___སློབ་གསོ་ནི་མི་ནས་མགོ་རྩོམ་པ་དང་མཐར་མིའི་སྟེང་དུ་འབབ་དགོས་པ་མ་ཟད། མིའི་འཚོ་གནས་ཀྱི་ལྡེ་མིག་ཅིག་ཏུ་འགྱུར་རྒྱུ་དེ་རེད།
___གཞི་རིམ་སློབ་གསོས་མི་ཞིག་སྐྱེད་སྲིང་བྱེད་དགོས་ལ། མཐོ་རིམ་སློབ་གསོས་སྤྱི་ཚོགས་ལ་མཁོ་བའི་མི་འཇོན་ཐང་ཅན་ཞིག་སྐྱེད་སྲིང་བྱེད་དགོས་པས། འཇོན་ཐང་ཡོད་མེད་ནི་སྤྱི་ཚོགས་ལ་འཚམ་མིན་གྱི་ལག་ལེན་ལས་ར་འཕྲོད་འབྱུང་བཞིན་ཡོད།
___མི་མིན་ལ་ཡོན་ཏན་ཡོད་པ་ནི“    དེང་རབས་ཀྱི་འདྲེ་”དང། མི་མིན་ལ་ནུས་རྩལ་ཡོད་པ་ནི་“དེང་རབས་ཀྱི་བདུད”། མི་ཡིན་ལ་འཇོན་ནུས་མེད་པ་ནི་དེང་རབས་ཀྱི་“སྡར་མ”་རེད།
___མི་ནི་ལྷ་བདུད་གཉིས་ཀྱི་སོ་མཚམས་སུ་གནས་ཤིང་། སློབ་གསོ་ལེགས་ན་མི་“ལྷ་”རུ་འགྱུར་སྲིད་ལ། སློབ་གསོ་ཉེས་ན་མི་“བདུད་”དུ་གཏོང་སྲིད།
___སློབ་མར་ཤ་ཚ་རྒྱུ་ནི་ཆེས་གལ་ཆེ་ལ། སློབ་མར་ཤ་ཚ་ཤེས་རྒྱུ་དེ་བས་ཀྱང་གལ་ཆེ་བ་རེད།
___སློབ་གསོའི་དྲིས་ལན་ངོ་མ་ནི་སློབ་གསོ་ལག་ལེན་དང་བསམ་གཞིགས་ཀྱི་ཁྲོད་ནས་རྙེད་དགོས།
___སློབ་མ་འཕེལ་རྒྱས་ཡོང་ཡོད་མེད་ནི་སློབ་ཁྲིད་བཟང་ངན་འབྱེད་བྱེད་ཀྱི་ཚད་གཞི་ཉག་གཅིག་རེད།
___སློབ་ཁྲིད་ནི་དགེ་སློབ་བར་གྱི་འདྲ་མཉམ་གྱི་བརྗེ་རེས་དང་ཁ་གསབ་ཙམ་ཞིག་རེད།
___སློབ་ཁྲིད་ནི་ཕྱིའི་ཚོད་འཛིན་གྱི་ནུས་པ་ཙམ་མ་ཡིན་པར་ནང་གི་བསམ་བློ་དང་སྤོབས་པ་བཅིངས་འགྲོལ་བྱེད་པའི་བྱ་འགུལ་ཞིག་ཡིན།
___མི་གཤིས་བཟང་ངན་གྱིས་མི་ཚེའི་རིན་ཐང་ཧྲིལ་པོ་ཐག་གཅོད་བྱེད་བཞིན་ཡོད།
___སྤྱི་ཚོགས་ནི་ལག་ལེན་གྱི་སློབ་ཆེན་དང་། ལག་ལེན་ནི་སློབ་ཆེན་དེའི་སློབ་དེབ་གསོན་པོ་ཞིག་རེད།
___མིའི་གཤིས་རྒྱུད་དེ་ཆུང་དུས་ནས་མཉམ་འཇོག་དང་གཙིགས་ཆེན་བྱེད་པ་ལས། གལ་ཏེ་གཤིས་རྒྱུད་ལང་ཤོར་དུ་གྱུར་ཚར་རྗེས་ལེགས་བཅོས་བྱེད་རྒྱུ་ཤིན་ཏུ་དཀའ་བ་ཞིག་རེད།
___མི་སུ་ཞིག་ཡིན་ཡང་མི་གཤིས་དང་ཀུན་སྤྱོད་ཀྱི་བླ་སྲོག་དང་བྲལ་ཚེ་དེ་ནི་འཛམ་གླིང་མཁས་པའི་རྒྱལ་པོ་ཡིན་ཀྱང་ཟོག་གསོབ་ཙམ་ལས་མ་འདས།
 
___མི་སུ་ཞིག་ཡིན་ཡང་“ལྷ”ཡི་ཆ་དང་། “”“དུད་འགྲོའི་”ཆ་ངེས་ཅན་ཞིག་ཡོད་པར་མ་ཟད། “བདུད་”ཀྱི་ཆ་དང་“འདྲེ་”ཡི་ཆ་ཡང་ཡོད་ངེས་ཡིན་པས། སློབ་གསོས་“དུད་འགྲོའི་”ཆ་དང་“བདུད་”ཀྱི་ཆ། “འདྲེ་”ཡི་ཆ་དེ་མི་ཡི་ཆ་དང་“ལྷ”ཡི་ཆ་རུ་བསྒྱུར་རྒྱུ་དེ་རེད།
___གསར་གཏོད་ནི་རྒྱལ་ཁབ་དང་མི་རིགས་དར་རྒྱས་ཀྱི་སྒུལ་ཤུགས་ཆེས་ནུས་ལྡན་ཞིག་རེད།
___འགྲན་རྩོད་དེ་མཐར་གཏུགས་ན་མིའི་འགྲན་རྩོད་དང་མིའི་ཤེས་ཡོན་གྱི་སྤྱི་ཚད་དང་། སྤུས་ཚད། གསར་གཏོད་ཀྱི་ནུས་པའི་འགྲན་རྩོད་ཉག་གཅིག་རེད། ___མི་རིགས་སུ་ཞིག་ཡིན་ཡང་མིའི་གསར་གཏོད་ནུས་རྩལ་སྔོག་འདོན་བྱེད་རྒྱུར་མཐོང་ཆེན་བྱས་ཚེ། མི་རིགས་དེ་འཛམ་གླིང་མི་རིགས་དགའ་ཚལ་དུ་ཡལ་འདབ་ཡོངས་སུ་རྒྱས་པའི་མེ་ཏོག་ཅིག་ཏུ་འགྱུར་ཐུབ་ངེས་རེད།
___གསར་གཏོད་ཁྱབ་ཁོངས་ཀྱི་ཆོས་ཉིད་བྱང་ཆུབ་པ་དང་བསམ་བློ་གསར་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་བསམ་བློ་ཡོད་པ། གསར་བྱུང་ཁྱབ་ཁོངས་ཀྱི་ཡོན་ཏན་ཡོད་པ། དཀའ་ཁག་ལ་མགོ་མི་སྒུར་བའི་སྙིང་སྟོབས་དང་སྤོབས་པ་ཡོད་པ། དཀའ་ཁག་ལ་མགོ་མི་སྒུར་བའི་སྙིང་སྟོབས་དང་སྤོབས་ཡོད་པ།  གསར་གཏོད་བྱ་འགུལ་ལ་ཚོད་འཛིན་བྱེད་མཁས་པ། གསར་གཏོད་པ་རེད།
___རྨང་གཞི་གཙོ་ལ་རྣམ་ནུས་ཕལ་པ་དང་གཞུང་ལུགས་གཙོ་ལ་ལག་ལེན་ཕབ་པ། སྐར་གྲངས་གཙོ་ལ་སྤུས་ཚད་ཕལ་བའི་སློབ་གསོ་ནི་གོད་ཆགས་རང་བཞིན་གྱིས་སློབ་གསོ་ཞིག་རེད།
___ང་ཚོས་དུས་ཡུན་རིང་བོའི་ནང་དུ་ཕྱི་རོལ་ཡུལ་གྱི་གཏེར་ཁའི་ཐོན་སྒོ་འབྱེད་པ་ལ་གཙིགས་ཆེན་བྱས་ཡོད་ནའང་། མི་རང་སྟེང་གི་འཇོན་ནུས་གཏེར་ཁ་འདོན་པ་སྣང་མེད་དུ་ལུས་ཡོད་པས། ད་ནས་བཟུང་སྟེ་བྱིས་པའི་འཇོན་ཐང་གི་གཏེར་ཁ་འདོན་པར་དེ་བས་ཀྱང་ཤུགས་སྣོན་བྱེད་དགོས།
___མིའི་སྤུས་ཚད་ནི་ནམ་མཁའ་ལྟ་བུའི་མཐའ་མི་མངོན་པ་ཞིག་དང་། རྒྱ་མཚོ་ལྟ་བུའི་གཏིང་མི་དཔོག་པ་ཞིག་ཡིན་པ་མ་ཟད། ཞིབ་ཏུ་དཔྱད་ན་རྒྱུ་སྐར་ལྟ་བུའི་གྲངས་མང་བ་ཞིག་ཀྱང་རེད།
___ཁེངས་སྐྱུང་ནི་ང་རྒྱལ་གྱི་གཉེན་པོ་ཡིན་ཡིད་ཆེས་ནི་སྤོབས་པའི་གཏེར་མཛོད་ཡིན།
___སློབ་གསོ་ནི་མིའི་རེ་སྙེག་མངོན་འགྱུར་བྱེད་པའི་སྒྱུ་རྩལ་ཞིག་རེད།
___གཞན་བརྟེན་གྱི་ཡིད་རང་བརྟེན་གྱི་ཡིད་ཆེས་ཤིག་ཏུ་འགྱུར་རྒྱུ་ནི་མི་ཚེ་རྒྱལ་ཁའི་ལམ་དུ་བགྲོད་པའི་ནང་ཤུགས་ཐུན་མོང་མ་ཡིན་པ་ཞིག་རེད།
___དྲི་བ་བཟང་བོ་ནི་དྲིས་ལན་ཕུན་སུམ་ཚོགས་པ་ཞིག་ལས་རིན་ཐང་ལྡན་མོད། དྲི་བ་ངན་ནི་དེ་ལས་ལྡོག་ཏེ་དྲི་བ་འདྲེན་མཁན་གྱི་ནང་རྒྱུས་དམར་རྗེན་དུ་སྟོན་བྱེད་ཙམ་ཞིག་རེད།
 
 
 
 
 
 
 
 
 
 
 
 
  • ལེ་ཚན་སྔོན་མ།:འཆིང་སྡོམ་གྱི་ནག་ཉེས།
  • ལེ་ཚན་རྗེས་མ།: མཐོ་སྒང་སློབ་གསོའི་ནོར་མཛོད་དུ་ནམ་ཡང་འོད་འཚེར་བའི་མུ་ཏིག་གོང་བུ་ཞིག
  • དོ་སྣང་ཆེ་བའི་རྩོམ།