ང་དང་ངའི་དགེ་རྒན།

སྒོ་སྨྱུག་སྨྱོན།        2018-09-10

   དུས་རྟག་པར་རང་ཉིད་ཀྱི་མ་འོངས་པའི་ཕུགས་འདུན་ལ་བསམ་བློ་གཏོང་དུས་ཐོག་མར་ཡིད་ལ་འཆར་ཡོང་བ་ནི་སློབ་ཆུང་སྐབས་ཀྱི་དགེ་རྒན་ཨཱ་ཙི་ར་ཡིན།

   དང་ཐོག་ང་རང་ནོར་གནག་གི་རྗེས་སུ་འབྲངས་བའི་རྫི་བོ་ཆུང་ཆུང་ཞིག་ཡིན། ཉིན་རྒྱུན་འུར་ཆ་ཐུང་ཐུང་དེ་མགོ་ལ་སྐོར་ཞིང་གཞས་ཆུང་ལྡབ་ལྡིབ་རེ་རེ་ངག་ལ་འགུགས་བཞིན་ཕྱུགས་རྫི་བྱས་ཤིང་སྦྲ་ནག་གྲུ་བཞིའི་དྲོད་ཁོལ་ལ་རོལ་ནས་ཡོད།

    དུས་རབས་ཀྱི་དགོས་མཁོ་ཞིག་གིས་ང་ཚོའི་སྡེ་བའི་བྱིས་པ་ཚང་མ་སློབ་གྲྭར་བསྐྱལ་དགོས་པ་དང་། གལ་ཏེ་བྱིས་པ་གཅིག་སློབ་གྲྭར་མ་བསྐྱལ་ན་སྒོར་མོ་ལྔ་བརྒྱའི་ཆད་པ་དང་འབྲི་གཡག་གཉིས་སྟེར་དགོས་པའི་བཅའ་ཁྲིམས་གསར་བསྒྲགས་བྱས་པ་ནས། ངེད་ཚང་གི་ཕ་མ་གཉིས་ཀྱང་ཁྱིམ་བདག་གཞན་དང་འདྲ་བར་གོང་རིམ་ལ་སྐྲག་ཏེ་བུ་ཆུང་ང་རང་སློབ་གྲྭར་བསྐྱལ་བ་ཡིན།

    དུས་དེ་ནས་བཟུང་ང་རང་ཡང་ཤེས་བྱའི་སྐྱེད་ཚལ་དུ་འཕུར་ལྡིང་གི་གར་སྟབས་སྒྱུར་བའི་གཡུ་སྦྲང་ཆུང་ཆུང་ཞིག་ཏུ་གྱུར་ཏེ། ཉིན་རྒྱུན་ཀོ་བས་བཟོས་པའི་དཔེ་ཁུག་ལེབ་མོ་རྒྱབ་ཏུ་ཁུར་ཅིང་ཀ་ཁའི་གླུ་ཚིག་སྙན་མོ་ངག་ནས་ལེན་བཞིན་སློབ་གྲྭའི་སྒོ་ཐེམ་འགྲིམས།

    འདི་ལྟར་ངས་སྐྱ་རེངས་ལྷ་མོའི་འཛུམ་ཟེར་གདོང་གིས་བསུས་ཏེ་བརྩོན་སེམས་ཀྱི་རྟ་ཕོ་ལ་ཤེས་བྱའི་རྩྭ་ཐང་དུ་བསྐྱོད་མགོ་བརྩམས་ནའང་། སྡོམ་རྒྱ་བཞིན་བརྩི་དཀའ་བའི་རྩིས་རིག་དང་། སྡེབ་སྦྱོར་མི་དག་ལ་གོ་དཀའ་བའི་རྒྱ་ཡིག་སྣ་ཚོགས་ཀྱི་ཤེས་བྱའི་རྒྱ་མཚོ་རུ་བསྐྱོད་པའི་ཕུགས་འདུན་དེ་ཉིན་དཀར་གྱི་རྨི་ལམ་ལྟ་བུར་ཆགས།

   སྐབས་དེར་མཁྱེན་རྒྱ་ཡངས་ཤིང་བྱམས་བརྩེ་དང་འཛུམ་མདངས་འཁྱིལ་བའི་དགེ་རྒན་ཨཱ་ཙི་ར་ལགས་ཀྱིས། སློབ་གསོའི་བསིལ་ཆར་རེ་རེ་ཐན་པ་རུ་འགྱུར་བཞིན་པའི་བདག་གི་ཞིང་ས་རུ་ཡང་ཡང་ཕབ་བས། ངའི་རྒྱུད་ལ་སྔར་མེད་ཀྱི་བརྩོན་སེམས་ཤིག་སྐྱེས་ནས་སློབ་སྦྱོང་གི་ལམ་ཆེན་དུ་བསྐྱོད་པ་ཡིན།

   ངོ་མ་སློབ་ཆུང་ནི་ངའི་རྒྱུད་ལ་ཀ་ཁའི་མྱུ་གུ་འཁྲུངས་སའི་མཛེས་སྡུག་གི་ཁོར་ཡུག་དང་པོ་ཡིན་ལ། དགེ་རྒན་ཨཱ་ཙི་ར་ནི་ངའི་མི་ཚེ་ལ་ཚེ་སྲོག་གསར་བ་ཞིག་གི་འོད་སྣང་སྦྱིན་པའི་ཕ་མ་གཉིས་པ་ཡིན། ངས་ནམ་ཡང་བཤེས་གཉེན་དམ་པ་ཁྱེད་ཀྱི་སྐུ་དྲིན་བརྗེད་པ་མི་སྲིད།།


  • ལེ་ཚན་སྔོན་མ།:སྟོན་ཟླ་དགུ་པའི་ཚེས་བཅུ་སྟེ།དགེ་རྒན་གྱིས་སྤྲུལ་བསྒྱུར་བྱས་པའི་ཉིན་མོ།
  • ལེ་ཚན་རྗེས་མ།:ལང་ཚོའི་ངར་སྒྲ།