དགེ་རྒན། ངའི་མུན་སེལ་གྱི་སྒྲོན་མེ་རྐང་གཅིག

ལི་སྨད་ཉི་གཞོན།        2018-09-10

གྲང་ངར་དང་བུ་ཡུག་གི་འཚུབ་མ་རྒོད་པའི་མཐོ་སྒང་ན།

བྲེ་སེར་འབྲོང་གི་རིགས་རྒྱུད་ལས་ཆད་པའི་དཔའ་རྒོད་ཅིག

ཤེས་རིག་དང་ལ་རྒྱ་ཡི་མེ་དཔུང་འབར་བའི་རྭ་རྩེ་ན།

རིགས་རྒྱུད་ཀྱི་འདུ་ཤེས་སྙིང་ལ་བཅིངས་བའི་སྤོབས་པ་ཡོད།

ཕྱི་འཇིག་རྟེན་གྱི་སྣོད་བཅུད་མ་འཇིག་ན།

ནང་ཤེས་བྱ་ཡི་སྒྲོན་མེ་གཟིམས་མི་སྲིད།

དགེ་རྒན་ལགས། ཁྱེད་ནི་ང་ཡི་ལ་རྒྱ་དང་སྤོབས་པ་ཡིན།

འཚོ་བའི་འཁོས་ཀ་ཞན་ཀྱང་རུང་།

གཟུགས་དང་ལང་ཚོ་མེད་ཀྱང་ཆོག

ཁྱེད་ཀྱིས་ལྟ་བ་མཉམ་གནས་ཀྱི་ཐུགས་གཤིས་དྲང་མོས།

ང་ཚོར་ཡིད་ཆེས་དང་རེ་བ་བསྩལ་བྱུང་།

དགེ་རྒན་ལགས། ཁྱེད་ནི་ང་ཡི་ཕུགས་བསམ་དང་རེ་བ་ཡིན།

ང་ཚོར་ཅི་ཡང་མེད་དུས། ཁྱེད་ཀྱིས་ཅི་ཡང་གནང་བྱུང་།

ཁྱེད་ཀྱི་བྱམས་དང་བརྩེ་བའི་ཕྱག་ཟུང་གིས།

ང་ཚོར་ཞི་དལ་བག་ཡོད་ཀྱི་སྤྱོད་བཟང་ལ་འཇུག་པའི་སྒོ་མོ་ཕྱེ་བྱུང་།

ཁྱེད་ཀྱི་ཉེ་རིང་མེད་པའི་འཛུམ་མདངས་ཀྱིས།

ང་ཚོར་སྔར་མེད་ཀྱི་དྲོད་ཁོལ་གསར་བ་ཞིག་བསྩལ་བྱུང་།

དགེ་རྒན་ལགས།

ཁྱེད་ཀྱི་ལྷག་བསམ་དང་གཏོང་ཕོད་ལ་གུས་ཕྱག་ཡང་ཡང་འཚལ།

ཁྱེད་ཀྱི་བརྩོན་འགྲུས་ལས་བྱུང་བའི་གྲུབ་འབྲས་རེ་རེར་ཡིད་སྨོན་ཤོར་མྱོང་།

ཁྱེད་ཀྱི་རྒྱུན་འཁྱོངས་ལས་བསྐྲུན་པའི་ལམ་བུ་རེ་རེར་བཀའ་དྲིན་ཞུས་ཡོད།

དགེ་རྒན་ལགས།

ཁྱེད་རང་ཨ་ཐང་ཆད་ཀྱང་། བསམ་པ་སློབ་མའི་ཁྲོད་ན་ཡོད།

ཁྱེད་རང་རེ་ཐག་ཆད་ཀྱང་། མིག་ཟུང་སློབ་ཁང་ནང་ན་ཡོད།

ཁྱེད་ནི་ང་ཚོར་རྟག་ཏུ་ཤར་བའི་རྟ་བདུན་དབང་པོ་ཡིན།

ཁྱེད་ནི་ང་ཚོར་རྟག་ཏུ་སེམས་པའི་བྱམས་ལྡན་གྱི་ཕ་མའང་ཅི་ལ་མིན།

སྟོན་གསུམ་འབྲས་བཟང་གི་ལོ་ལེགས་ཁུར་དུ་དུད་པའི་དུས་ཚིགས་འདིར།

ངས་ཁྱེད་ཁོ་ནར་དབང་བའི་དུས་ཆེན་ལ་ཁ་གཡང་འབོད།

བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་འབོད།


  • ལེ་ཚན་སྔོན་མ།:དྲན་པའི་རྒྱ་རུ་བཞུགས་པའི་ཆུང་འདྲིས།
  • ལེ་ཚན་རྗེས་མ།:དགེ་རྒན།