མཛའ་གཞས་སླར་ཡང་དར་མདོར་ལེན།

སྐལ་ཐུབ་དང་ཡེ་ཤེས་ཀྱིས།        2018-08-17

   མཛའ་གཞས་སླར་ཡང་དར་མདོར་ལེན།

  སྤྱི་ཟླ8པའི་ཚེས16ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པར2018ལོའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཁུལ་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་སྤེལ་བ་རེད། ཐེངས་འདིའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་ནི་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་རོགས་གཉེར་བྱས་ལ། ཀྲུང་གུང་དར་མདོའི་གྲོང་ཁྱེར་ཏང་ཨུ་དང་དར་མདོའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་རེད།

  འགོ་ཚུགས་མཛད་སྒོའི་དགོང་ཚོགས་ཀྱི་རྒྱ་སྐད་མདོ་འཛིན་པ་ནི་སི་ཁྲོན་གསར་འགྱུར་ལེ་ཚན་གྱི་རྒྱང་བསྒྲགས་པ་གཙོ་བོ་ལིའུ་པོ་ལིན་ཡིན་ཞིང་། བོད་སྐད་ཀྱི་མདོ་འཛིན་པ་ནི་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་གི་དབང་ཆེན་ལྷ་མོ་ཡིན་པ་རེད།

འགོ་ཚུགས་མཛད་སྒོ་འགོ་ཚུགས་མ་ཐག་དར་མདོའི་གྲོང་ཁྱེར་གྱི་གཟུགས་བརྙན་མཚོན་པའི་དྲིལ་བསྒྲགས་བརྙན་ཐུང་སྟེ་འཛམ་གླིང་ཀུན་གྱིས་དགའ་འོས་པའི་གྲོང་ཁྱེར་ཞེས་པ་བཏང་ནས་དར་མདོའི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུར་སོང་བའི་འཕོ་འགྱུར། དར་མདོ་མི་དམངས་ཀྱི་འཚོ་བའི་གནས་ཚུལ་དང་བསམ་པའི་ཉམས་འགྱུར་བཅས་ཕྱོགས་བཞིའི་མཚམས་བརྒྱད་ཀྱི་གཟིགས་མོ་བ་ལྷན་རྒྱས་ལ་བསྟན་པ་རེད།

  2018ལོའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་གྱི་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་ལགས་ཀྱིས་རོལ་དབྱངས་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

  འགོ་ཚུགས་མཛད་སྒོའི་ཐོག་མཛའ་གཞས་སླར་ཡང་དར་མདོར་ལེན་ཞེས་པའི་མི་རིགས་ཀྱི་གསར་རྩོམ་གླུ་བྲོ་ཟློས་གར་ཆེ་གྲས་འཁྲབ་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། གླུ་བྲོ་ཟློས་གར་འདིའི་སྤྱི་ཁྱབ་འཁྲབ་ཁྲིད་པ་ནི2018ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཀུའེ་ཀྲོའུ་ཡན་ལག་ཚོགས་རའི་གླུ་བྲོའི་རྩོམ་ཁྲིད་པ་དགེ་ལེགས་རྣམ་རྒྱལ་ཡིན་ཞིང་། རོལ་དབྱངས་སྤྱི་ཁྱབ་ལྟ་སྐུལ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་མཁན་ཆོས་རྒྱ་མཚོ་ཡིན་ལ། ལག་བསྟར་འཁྲབ་ཁྲིད་པ་ནི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྐབས་བདུན་པའི་རྩོམ་ཁྲིད་པ་ཡུས་ལེ་ཡིན་པ་རེད། གླུ་བྲོ་ཟློས་གར་འདིའི་ནང་དུ་ཐེངས་དང་པོར་དར་མདོའི་མཛའ་གཞས་དེ་ཀྲུང་གོའི་གནའ་བོའི་ཇ་འདྲེན་རྡལ་ལམ་གྱི་གྲོང་རྡལ་གཙོ་བོ་དར་རྩེ་མདོ་ནས་བླངས་པ་ནས་བཟུང་། སྤྱི་ལོ1947ལོར་སྐད་གདངས་མཐོ་བའི་གླུ་མ་གྲགས་ཅན་ཡུས་དབྱི་ཞན་གྱིས་ནན་ཅིན་དུ་བླངས་རྗེས་རྒྱལ་ཡོངས་སུ་དར་ཞིང་དེ་ནས་འཛམ་གླིང་ལ་གྲགས་པ་དང་། མཐར་འགྲོ་བ་མིའི་ཚབ་བྱས་ནས་འཇིག་རྟེན་དུ་འཕུར་བའི་ངོ་མཚར་བའི་གཏམ་རྒྱུད་བཤད་ཡོད་པ་རེད། 


  • ལེ་ཚན་སྔོན་མ།:ལི་ཐང་འབྲོག་པས་ནོར་གནག་གི་ཁུ་ལུ་བཙོངས་ནས་ཡོང་འབབ་འཕར་སྣོན་གཏོང་།
  • ལེ་ཚན་རྗེས་མ།:བཟའ་ཚང་གཉིས་ཀ་དང་ཡང་ན་ཅིག་ཤོས་ཞིང་འབྲོག་པ་ཡིན་ན་བུ་ཕྲུག་གསུམ་སྐྱེས་ཆོག
  • དོ་སྣང་ཆེ་བའི་རྩོམ།