ཞང་བོད་གནའ་བོའི་བསང་ཡིག་གི་ཟུར་ནས་རྙེད་པའི་སྲིད་པའི་ཆོ་རབས་ཐོར་བུ།

བསྟན་འཛིན་རྣམ་རྒྱལ།        2018-08-17

གླེང་གཞི།

   ང་ཚོ་སྟེ་རིག་གནས་ལ་དགའ་ཞིང་དཔེ་ཆ་ལ་རྟོག་དཔྱོད་བྱེད་པ་གང་མང་ཞིག་གྲགས་ཆེ་བའི་གཞུང་ཆེན་ཞིག་གམ་འགྲེལ་བ་ག་གེ་མོ་ཞིག་ལ་དཔྱད་ཞིབ་བྱེད་རྒྱུ་ལས།  རྒྱུན་ལྡན་རང་གི་ངག་ཏུ་ཡང་འདོན་ཞིང་སྤྱི་ཚོགས་སུ་སྤྱོད་སྒོ་ཆེ་བའི་གཏོ་ཆོག་གི་རིགས་ལ་འདོན་ཆོག་ཅེས་ཟུར་དུ་སྣང་ཆུང་ལྟ་བུར་ལུས་འདུག་པ་འདི་ལ་རྒྱུ་མཚན་མེད་པ་མ་ཡིན་མོད།  འོན་ཏེ་སྲིད་པ་སྔ་མོའི་སྔ་མོར་བྱུང་བའི་ཡ་མཚར་བའི་ལོ་རྒྱུས་མང་པོ་ཞིག་ཡི་གེར་འཁོད་པ་ནི་གྲོང་གསེབ་ཀྱི་འདོན་ཆོག་ཁག་ཏུ་གསལ་བ་མང་འདུག་པར་མ་ཟད།  དེ་དག་གི་དཔེ་རྒྱུན་ད་ལྟ་ཡང་གསོན་ཉམས་ལྡན་བཞིན་བཞུགས་ཡོད་པ་ནི་ངོ་མཚར་ཆེ་བའི་ནོར་བུ་གཞན་པ་ཞིག་རེད་སྙམ།   འོན་ཏེ་ད་སྐབས་མང་པོ་ཞིག་གིས་དེ་དག་གི་བརྗོད་དོན་ལ་རྟོག་དཔྱོད་གང་ཡང་མེད་པར་སྐབས་སུ་གྱེར་དབྱངས་དང་བཅས་ཚར་རེ་ཟུང་ཀློག་པ་དེ་ཙམ་གྱིས་འགྲིག་སོང་སྙམ་པའམ།  དཔྱད་ཀྱང་འདི་དག་གཏམ་རྒྱུད་ཙམ་ལས་ཁུངས་ལྡན་གྱི་རྒྱུད་དང་མན་ངག་ལྟ་བུ་མ་ཡིན་པས་གལ་ཆེན་མི་འཛིན་པ་ཡང་སྲིད་མོད།  གང་ལྟར་འདིར་སྤྱི་ཡོངས་སུ་གྲགས་ཆེ་ཆུང་གང་ཡོད་མ་ངེས་རུང་རང་གི་ཕ་ཡུལ་དུ་ལོ་དུས་ཀྱི་མཆོད་པ་བསང་གསོལ་བྱེད་པའི་སྐབས།  བསང་ཁང་སྟེ་བསང་འབུལ་སའི་སྟེགས་བུ་ཞིག་ངེས་པར་བཟོ་དགོས་ལ་དེ་ཡང་རང་དགར་བཟོ་བ་མ་ཡིན་པར་དེ་ལྟར་བཟོ་བའི་ཁུངས་དང་རྒྱུ་མཚན་སོགས་གསལ་བའི་དཔེ་ཆ«བསང་ཁང་ཕུབ་པའི་ཡོན་ཏན་ཡིད་བཞིན་ནོར་བུ»ཞེས་པའི་དཔེ་ཆ་ཞིག་བཞུགས།  དཔེ་ཆ་འདི་རྩོམ་མཁན་སུ་ཡིན་སྐོར་ལ་ཡིག་ཆ་དེ་ཉིད་ལས།  “སྔོན་གྱི་སྲིད་པ་དང་པོའི་དུས། གཤེན་རབ་མི་བོ་བྱ་བ་དེས། ཕྱི་རབ༼རབས༽མི་ལ་ཕན་པའི་དོན་དུ་མཛད།” ཅེས་དང་། མ་དཔེ་གཞན་ཞིག་ཏུ། “ཅེས་པ་འདི་ཡང་བོན་མཆོག་སྟོན་པ་གཤེན་རབ་མི་བོས་ཕྱི་རབས་འགྲོ་བའི་དོན་དུ་མཛད་པ་དགེ་ལེགས་འཕེལ།” ཞེས་གསལ་བ་ལྟར་ན་གཤེན་རབ་མི་བོས་མཛད་པར་བསྟན་ཅིང་དེ་ནས་རིམ་པར་འཕེལ་རྒྱས་ཀྱིས་ད་ལྟའི་དཔེ་ཆ་འདི་གྲུབ་བམ་སྙམ།  དེ་ཡང་སྟོན་པ་གཤེན་རབ་ཀྱིས་བསང་ཁང་ཇི་ལྟར་ཕུབ་པའི་སྐོར་ཡང་།  དེ་ཉིད་ལས། “སྔོན་སྟོན་པ་གཤེན་རབ་མི་པོ་ཡི ༼བོ་ཡིས༽། །ཁོ་མ་རུ་རིང་བསང་ཁང་ཕུབ། །དཔེ་ནི་འབྱུང་བ་ལྔ་ལས་བླང་། །འབྱུང་བ་ལྔ་ཡིས་བསང་ཁང་ཕུབ། །གཞི་མ་ས་ལ་བྱས་པ་དེས། །བོན་གྱིས་གཞི་མ་བཏིང་པའི༼བའི༽དོན། །”ཅེས་སོགས་ཀྱིས་སྟོན་པས་བསང་ཁང་གང་ཞིག་ཕུབ་པ་དང་། རྒྱུ་གང་ལ་བྱས་པ། དགོས་ཆེད་གང་ཡིན་པ་སོགས་གསལ། ཡང་བསང་གི་མཇུག་བསྡུའི་སྐབས་སུ་འདོན་སྲོལ་ཡོད་པའི་དཔེ་ཆ«བསང་གིས༼གི༽ཡག་ཀ་བཅུ་གསུམ»ཞེས་པའི་དཔེ་ཆ་ཁག་གཉིས་སུ་གནའ་བོའི་བོད་ཀྱི་གཏམ་རྒྱུད་དམ་ལོ་རྒྱུས་སྐོར་ཞིག་འཁོད་འདུག་པ་དེ་དག་དང་། གྲགས་ཆེའི་ཡིག་རྙིང«དབུ་ནག་མིའུ་འདྲ་ཆགས»སུ་བསྟན་པ་དག་ཕན་ཚུན་མཚུངས་བསྡུར་གྱིས་གླེང་འདོད་པ་དེ་ཡིན།


ཞང་བོད་གནའ་བོའི་བསང་ཡིག་གི་ཟུར་ནས་རྙེད་པའི་སྲིད་པའི་ཆོ་རབས་ཐོར་བུ།

གཅིག  སྲིད་པ་ཡེ་སྨོན་རྒྱལ་པོའི་སྐོར།

   དེ་ཡང་དཔེ་ཆ་འདིར་གཙོ་བོ་བསང་ཁང་ཕུབ་སྟེ་ལྷ་བསང་བྱས་པའི་ནུས་པའམ་དགེ་མཚན་གླེང་བའི་ཞོར་དུ་སྔོན་བྱུང་བསང་གི་བྱུང་ཁུངས་དང་འབྲེལ་བའི་ལོ་རྒྱུས་སྲིད་པ་ཡེ་སྨོན་རྒྱལ་པོའི་སྐོར་ཞིག་གསལ་བ་སྟེ། «བསང་ཁང་ཕུབ་པའི་ཡོན་ཏན་ཡིད་བཞིན་ནོར་བུ»ལས།  “ཀྱེའེ་བསང་ཁང་ཕུབ་པ་གར་བསྲིད༼སྲིད༽པ། །སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་དེས། །བསང་ཁང་ཕུབ་པས་ལྷ་བསང་བྱས། །”ཞེས་སོགས་གསལ།  དེ་ལྟའི་ཡེ་སྨོན་རྒྱལ་པོའི་སྐོར་གསལ་བའི་དཔེ་ཆ་གཞན་མང་གང་ཡོད་པ་ལས།  འདིར་ཐད་ཀར་འབྲེལ་ཆེ་བའི་ཡིག་ཆ་སྟེ། «དབུ་ནག་མིའུ་འདྲ་ཆགས»སུ་ཇི་ལྟར་བསྟན་པའི་སྐོར་ཞིག་བཀོད་པ་ལ།  “དེ་ལ་སྔ་བ་གཡུང་དྲུང་གི་བོན་སྔ།  བཙུན་པ་དམ་པའི་ཆོས་བཙུན།  ཆེ་བ་དབུ་ནག་མི་ཆེ། རིང་བ་ཁྱོད་ཡོད་གཏམ་རིང་།  སྣུམ་པ་ནམ་མཁའི་ཆར་སྣུམ།  དེ་ནང་བཅུད་སེམས་ཅན་གྱི་གྲོལ་ཐོབ་དེ།  དང་པོ་ཡེ་མེད་སྟོང་པ་ལ། དེ་ལ་ཡེ་ཡོད་ཅུང་ཙམ་སྲིད། དེ་ལ་འོད་དང་ཟེར་དུ་དྲིལ། འོད་ནི་ཕ་ལ་ཟེར་ནི་མ། དེ་ལ་སྨག་དང་སྨྲིག་དུ་སྲིད། དེ་ལ་སེར་བུ་ངེད་ཙམ་སྲིད། དེ་ལ་བ་མོ་སྐྱ་ཙམ་སྲིད། དེ་ལ་ཟིལ་པ་ཕྲོམ་ཙམ་སྲིད། བ་མོ་དང་ཟིལ་པ་སྡེབ་པ་ལ། མཚོ་མེ་ལོང་ཙམ་ཅིག་དེ་ལ་སྲིད། དེ་ལ་ཞགས་སུ་ཆག སྒོང་དུ་འདྲིལ། སྒོང་ང་རྟལོ་བའི་ནང་ཤེད་ནས། བྱ་བླར་དཀར་ནག་གཉིས་བསྲིད་པ་ལ། སྣང་བ་འོད་ལྡན་དང་།  མུན་པ་ཟེར་ལྡན་དང་གཉིས་བསྲིད། སྣང་མུན་གཉིས་པོ་བསྡེབས་པ་ལས། སྒོང་ང་དཀར་ནག་ཁྲ་གསུམ་བསྲིད། སྒོང་ང་དཀར་པོ་རྟོལ་བ་ལས། ཕྱིའི་ཤུན་པ་ལ་ལྷ་བྲག་དཀར་པོ་སྲིད། བར་གྱི་དར་ཤ་ལ་འོད་ཀྱི་ཁྲི་སྡེ་སྲིད། ནང་གི་སྒོང་ཆུ་ལ། དུང་གི་མཛོ་མོ་དཀར་མོ་སྲིད། སྒོང་ང་དེ་ཡི་ནང་ཤེད་ནས། ལྷ་རབ་སྲིད་ལྷ་འོད་དཀར་དང་། ལྷ་ཅང་ཤེས་མི་མགོན་དཀར་པོ་དང་། དུང་གི་མིག་ལྡན་དཀར་གསུམ་སྲིད། སྒོང་ང་ནག་པོ་རྡོལ་བ་ལས། ངམ་མི་ནག་པོ་དང་ཏྲིལ་ནག་དཔུང་བཀྲ་གཉིས་སྲིད། སྒོང་ང་ཁྲ་བོ་རྡོལ་བ་ལས།  སྨོན་མི་ལམ་ལམ་ལུམ་ལུམ་སྲིད།  དེ་ལ་ལྟ་བའི་མིག་མེད། ཉན་པའི་རྣ་བ་མེད།  སྣོམ་པའི་སྣ་མེད།  མྱོང་པའི་ལྕེ་མེད། རྙོབ་པའི་ལག་པ་མེད།  འགྲོ་བའི་རྐང་པ་མེད། །བསམ་པའི་ཡིད་རྒྱུ་བ་ཙམ་ཞིག་ཡོད་པ་ལ།  ལྟ་བའི་མིག་དོད། ཉན་པའི་རྣ་བ་དོད། སྣོམ་པའི་སྣ་དོད། མྱང་བའི་ལྕེ་དོད། རྙོབ་པའི་ལག་པ་དོད།  འགྲོ་བའི་རྐང་པ་དོད།  དེ་ལ་རང་མིང་རང་གིས་བཏག་པ་ལ།  སྲིད་པ་སངས་པོ་འབུམ་ཁྲི་བཏག སྲིད་པ་སངས་པོ་འབུམ་ཁྲི་ལ།  ཡེ་སྨོན་རྒྱལ་པོ་ཞེས་ཀྱང་བྱ།”  ཞེས་ཐོག་མར་ཡེ་སྨོན་རྒྱལ་པོ་ཇི་ལྟར་བྱུང་བའི་ཚུལ་དང་།  ཡང«བསང་ཁང་ཕུབ་པའི་ཡོན་ཏན་ཡིད་བཞིན་ནོར་བུ»ལས།  “ལྷ་བསང་བྱས་པའི་ཡོན་ཏན་གྱིས། །ཕྱ༼ཕྱྭ༽རྒྱུད་དམུ་རྒྱུད་གཙུག་རྒྱུད་བསྲིད། །༼སྲིད༽” ཅེས་དང་།  «བསང་གི་ཡག་ཀ་བཅུ་གསུམ»ཞེས་པ་ལས། “ཀྱེ་དི་རིང་བསྲིད༼སྲིད༽པའི་གནམ་གོང་ལ། །ཡག་ཀ་བརྗོད་པ་གར་བསྲིད༼སྲིད༽ནས༼ན༽། །སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་དེས། །སྨོན་ལམ་བཏབ་ཅིང་ཡག་ཀ་བརྗོད།  ཅེས་པ་ནས།  གཡས་སུ་སྨོན་ལམ་བཏབ་པ་ལ། །གསེར་རི་གཡུ་ལུང་གཉིས་སུ་བསྲིད༼སྲིད༽། །དེ་ལ་ཕྱ༼ཕྱྭ༽རྒྱུད་སྒྲ་བླ་གྲོལ། །”ཞེས་དང་།  “གཡོན་དུ་སྨོན་ལམ་བཏབ་པ་ལ།  །དུང་རི་མཆོན༼མཆོང༽ལུང་གཉིས་སུ་བསྲིད༼སྲིད༽། །དེ་ལ་དམུ་རྒྱུད་སྒྲ་བླ་གྲོལ། །”ཞེས་དང་།  “ཐད་དུ་སྨོན་ལམ་བཏབ་པ་ལ། །ཤེལ་བྲག་འོད་མཚོ་གཉིས་སུ་བསྲིད༼སྲིད༽། །དེ་ལ་གཙུག་རྒྱུད་སྒྲ་བླ་གྲོལ། །”ཞེས་གསལ་བའི་དོན་ནི།  «དབུ་ནག་མིའུ་འདྲ་ཆགས»ལས། “སྲིད་པ་ཡེ་སྨོན་རྒྱལ་པོ་དེས།  གཡས་སུ་གསེར་དང་གཡུ་བཞག་ནས་སྨོན་ལམ་བཏབ་པས།  གསེར་རི་གཡུ་ལུང་གཉིས་སུ་སྲིད།  ཕྱ་རྒྱུད་ཐམས་ཅད་དེ་ལ་གྲོལ། གཡོན་དུ་དུང་དང་མཆོང་བཞག་ནས་སྨོན་ལམ་བཏབ་པས། དུང་རི་མཆོང་ལུང་གཉིས་སུ་སྲིད། དམུ་རྒྱུད་ཐམས་ཅད་དེ་ལ་གྲོལ། ཐད་དུ་ཤེལ་དང་རག་འོད་བཞག་ནས་སྨོན་ལམ་བཏབ་པས། ཤེལ་བྲག་དང་འོད་མཚོ་གཉིས་སུ་སྲིད།  གཙུགས་རྒྱུད་ཐམས་ཅད་དེ་ལ་གྲོལ།  སྦུ་རུ་རོག་པོ། ཚག་པ་ཧག་སྐྱུག  སྲིན་འབུ་རག་སླག  ཀླུ་རིགས་ཐམས་ཅད་གཙུག་རྒྱུད་ཡིན། དམུ་རྒྱུད་སངས་རྒྱས་བོན་ལ་གྲུབ།  ཕྱ་རྒྱུད་ཐམས་ཅད་དབུ་ནག་མི་ལ་གྲུབ།”  ཅེས་སོགས་ནས་ཕྱྭ་ལས་དབུ་ནག་མི་རྒྱུད་བྱུང་བའི་སྐོར་བསྡུས་ཏེ་བཤད་ན། གཡས་ཀྱི་གསེར་རི་གཡུ་ལུང་དུ་ཕྱྭ་བུ་སྤྱི་གཙུག་རྒྱལ་བ་ཞེས་པ་བྱུང་ཞིང་དེས་དུང་ཟ་དངུལ་མོ་ཁབ་ཏུ་བཞེས་པས།  སྲས་ཕྱྭ་རབས་སྟག་ཆ་འ་འོལ་བྱུང་། དེས་ཁབ་ཏུ་འཚམས་ཟ་བྱ་ཁྱུང་མ་བཞེས་པས་ཕྱྭ་རབས་མཆེད་བཞི་བྱུང་།  ཕྱྭ་རྗེ་ཡབ་ལྷ་བདལ་དྲུག1གིས་ལྷ་མོ་ཐང་དང་བཤོས་པར་སྲས་ཐུག་དཀར་བུ་དགུ་བྱུང་།སྲིན་མོ་དང་བཤོས་པར་ཐུག་དམར་བུ་དགུ་བྱུང་།  གཉན་མོ་དང་བཤོས་པར་གཉན་ཚ་ལྷང་ལྷང་བྱུང་།  དམུ་མོ་དང་བཤོས་པར་དམུ་ཚ་བཅུ་གཉིས་བྱུང་། དེ་ལྟར་སྲས་སོ་གཅིག་གི་ཆུང་བ་སྲིད་པ་སྣེ་ཕྲོམ་ལ་ཁྲ་ཞེས་པ་དེ།ཡབ་ཀྱིས་དགུང་ནས་མི་རྒྱུད་སྤེལ་ལ་བཏང་བས།  དགུང་རིམ་པ་བཅུ་གསུམ་གྱི་མར་འདབས་ནས་འོང་། ས་ག་དོག་དྲུག་ཏུ་རི་རྨོག་ཕོར་ཙམ་གྱི་འགོ་ལ་བབས། དེར་བུད་མེད་ཐགས་འཐག་བཞིན་པ་ཞིག་དང་འཕྲད་པས། བུད་མེད་དེས་ཁྱོད་གང་ནས་འོང་། གང་དུ་འགྲོ་བྱས་པས། ང་ཕྱྭ་རྗེ་ཡབ་ལྷའི་བུ་ཆུང་བ་ཡིན། ཡབ་ཀྱིས་ས་ལ་མི་རྒྱུད་སྤེལ་བར་བཏང་བྱུང་ཟེར།  དེ་ཉིད་སྲིན་པོས་མཐོང་བས་སྲིན་གྱིས་རྐུ་བར་བརྩམ། བུད་མེད་དེས་ཐགས་ཀྱི་སྣས་ལ་སྤྲེལ་ཞིག་བཟོས་ཏེ་ཁོ་རང་བསྐུངས། སྲིན་པོས་མི་དེ་གར་སོང་ཟེར། བུད་མེད་ཀྱིས་སྤྲེལ་ལས་མི་མ་མཐོང་ཟེར་བས་སྲིན་པོས་སྤྲེལ་དེ་ཁྱེར་ནས་སོང་། མི་གླུད་སྤྲེལ་གཏོང་བའི་སྲོལ་ཡང་དེ་ནས་བྱུང་། དེ་ནས་བུད་མེད་ཀྱིས་སྣེ་ཕྲོམ་ལ་ཁྲ་ལ།  ང་མོ་དྲིན་ཕོ་ལ་ཆེ་བ་ཡིན།  ཁྱོད་ཕོ་དྲིན་མོ་ལ་ཆེ་དགོས་པས་ངེད་གཉིས་སྤྲུལ་པ་སྡེབ་དགོས་ཟེར། དེ་གཉིས་སྡེབ་པ་ལ་སྲས་འཐིང་པོ་འཐིང་མིག་འཐིང་གེ་གསུམ་བྱུང་།  སྲས་གཉིས་དྲི་རུ་ཤི། འཐིང་གེ་དང་ཕྱྭ་ལྕམ་དཀར་མོ་བཤོས་པ་ལ་སྲས་བོད་འཛོམ་ལ་ཕྲོམ་བྱུང་།  དམུ་ཟ་ཁྲི་མ་དང་བཤོས་པས་རྒྱ་ཁྲི་ལ་བཞེས་བྱུང་།  ཁྲི་མོ་དང་བཤོས་པས་ཁྲི་ཕྲུག་ཧོར་བྱུང་།  དུས་དེར་རྒྱལ་བུ་འཐིང་གེ་རྨ་ཁ་བཞུར་ཀྱི་གོང་ཁར་བསྡད། བུ་བོད་དང་རྒྱ་དང་ཧོར་གསུམ་གྱིས་ཕ་རྒན་ཇ་གསོལ་ཟེར་བ་ལ།  ཁོང་གིས་དེ་གསུམ་ནས་གཅིག་གདམ་ན་མི་འོང་བསམ་སྟེ། ཁྱེད་གསུམ་རྒྱུགས་དང་སུ་མགྱོགས་ན་དེར་འགྲོ་ཟེར།  དེ་ལྟར་བྱས་པས་བོད་མགྱོགས།  དེའི་ཚེ་ཕ་ལྷམ་སྒྲོག་གིས་བཅིངས་ཏེ་ཤི བོད་ཀྱིས་ཕ་གསོན་ཚེ་ཞབས་ཏོག་ངས་བྱས་པས་རོ་ཡང་ང་ལ་དབང་ཟེར། གཞན་གཉིས་ཀྱིས་ཀྱང་ཁོང་གཉིས་ལ་དབང་ཟེར་ཏེ་སྤུན་གསུམ་ཁ་མ་འཆམ་ནས་དམེ་བྱེད་ལ་ཉེ།  དེའི་འདུམ་བྱེད་མཁན་སྟོང་གསུམ་གཤེན་ལྷ་འོད་དཀར་དང་།  སྲིད་གསུམ་གཤེན་རབ་མི་བོ།  ལྷ་བོན་སྟག་ལ་ཡར་བཞུགས་གསུམ་བོས། ཁོང་གསུམ་གྱིས་རོ་བགོས་བྱས་ཏེ།  ཁོག་སྟོད་མགོ་འབྱར་དེ་བོད་ཀྱིས་བདམས། རྐེད་པའི་སྟེང་མཐེ་བོང་བཞག་པ་དེ་ཧོར་ལ་ཐོབ། ཁོག་སྨད་སྟེང་སྙིང་བཞག་པ་དེ་རྒྱ་ལ་ཐོབ།  བོད་ཀྱིས་རང་གྲུབ་མཆོད་རྟེན་རྩ་བ་ན་གཤེན་རབ་སྤྱན་དྲངས། མདོ་བ་རྟ་ལ་བྱ་རུ་བཙུག རྟ་ལུག་གཉིས་ཀྱི་གཏད་ཡར་བྱས།  སྦ་སྨྱུག་ཤིང་གིས་ཕ་རོ་མེ་ལ་བསྲེགས། བོད་ཀྱིས་ཕ་རོ་སྦྱིན་སྲེག་བྱེད་པ་དང་། རྟ་ལུག་གཉིས་ཀྱི་གཏད་ཡར་དེ་ནས་སྲིད། ཧོར་གྱིས་ཟླ་བའི་ལུང་པ་ཟླ་བཀྲ་ཟེར་བར་ཕ་རོ་བྱེ་མའི་འོག་ཏུ་སྦས་ཏེ་མཐེ་བོང་ཉར། ཧོར་གྱིས་ཕ་རོ་དོང་དུ་བསྐྱུར་བ་དང་། མདའ་ཉག་ཕྲན་སྐྱེན་པ་དེ་ནས་སྲིད། རྒྱ་ཡིས་ཁམས་ཀྱི་ར་རྒྱ་གྲུ་སོ་ཟེར་བར་ཕ་རོ་ཆུ་ལ་འཕངས་ཏེ་སྙིང་དེ་ཉར། རྒྱས་ཕ་རོ་ཆུ་ལ་འཕེན་པ་དང་།  རྒྱ་མི་འཕེལ་ཆེ་བ་དེ་ནས་སྲིད།


ཞང་བོད་གནའ་བོའི་བསང་ཡིག་གི་ཟུར་ནས་རྙེད་པའི་སྲིད་པའི་ཆོ་རབས་ཐོར་བུ།

གཉིས། བོད་འཛོམ་ལ་ཕྲོམ་དང་བོད་མི་ཁྲི་ཐོ་ཆེན་པོའི་སྐོར།

   དེ་ལྟར་ཡེ་སྨོན་རྒྱལ་པོའི་རྒྱུད་པ་རྒྱལ་བུ་འཐིང་གེའི་སྲས་བོད་འཛོམ་ལ་ཕྲོམ་གྱིས་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་ཕ་མཚུན་གསོལ་བའི་སྐོར«བསང་ཁང་ཕུབ་པའི་ཡོན་ཏན་ཡིད་བཞིན་ནོར་བུ»ལས།  “རྒྱལ༼རྒྱ༽མི་རབ༼རབས༽གསུམ་ལ་འཕེན༼འཕན༽པའི་ཚེ། །བོད་མི་རབ༼རབས༽གསུམ་ལ་རྨང་པའི་དུས།  །སྟོན༼སྟོང༽པ་གསུམ་གྱི་ཕར་ངོས་ནས།  །སྟོན༼སྟོང༽པ་གཤེན་ལྷ་འོད་དཀར་བཀུག །སྲིད་གསུམ་གཤེན་རབ་མི་པོ༼བོ༽བཀུག  །ལྷ་བོན་སྟག་ལ་ཡར་བཞུར་བཀུག །ལྷ་ལུག་གྲོ་མོ་ཤས་པའི་ཇ། 2 །གཡས་ཀྱི་རྩེ་ལ་མ་སྨོད་ནས། །རྒྱལ༼རྒྱ༽མི་རབ༼རབས༽གསུམ་ལ་འཕན་པའི་ཚེ། །བོད་མི་རབ༼རབས༽གསུམ་ལ་རྨང་པ་ཅི་བཞིན་བྱས། །གཡོན་གྱི་བཅོ་ལྔ་རྩེ་ལ་མ་སྨོད་ནས། 3 །ཅི་ལྟར་བྱས་ན་རྨང་མདུད༼བདུད༽གྲོལ་བར་བྱས།  །དེ་གསུམ་ཞལ་ནས་རེ། །ཁྱོད་ཕ་མཚུན་རྒྱ་ལ་ཤོར་ཟིན་པ། །ཕ་མཚུན་ལོན་པའི་བློ་ཡོད་ན། །རྨང་བདུད་དེ་ནས་གྲོལ་བར་ཟེར། །བོད་ཀྱི་ཁྲི་ཐོ་དེས། ། 4 བསང་ཁང་ཕུབ་ནས་ལྷ་བསང་བྱས།  །ལྷ་བསང་བྱས་པའི་ཡོན་ཏན་གྱིས།  །རྒྱ་ནས་ཕ་མཚུན་ལོན་པ་བཞིན། །”ཞེས་པའི་དོན«དབུ་ནག་མིའུ་འདྲ་ཆགས»ལས་གསལ་བ་ལྟར།  དེ་ལྟར་རྒྱ་འཕེལ་ཞིང་བོད་རྨང་པས་བོད་འཛོམ་ལ་ཕྲོམ་གྱིས་གཤེན་ལྷ་འོད་དཀར་སོགས་སྔོན་གྱི་བོན་པོ་གསུམ་བོས་ནས་དེའི་དོན་ཅི་ཡིན་ཇུ་ཐིག་གི་མོ་བཏབ་པས།  ཕ་མཚུན་རྒྱ་ལ་ཤོར་བས་ལན་འདུག་པས་ཕ་མཚུན་ལོན་ཐབས་དགོས་གསུངས།  བོད་འཛོམ་ལ་ཕྲོམ་གྱིས་ཕ་ནོར་མང་པོ་ཁྱེར་ནས་རྒྱ་དབང་པོ་ཆེ་ལ་ཕ་མཚུན་ང་ལ་སྟོན་དང་།  ང་སྐྱོ་བས་སྐྱོ་སངས་དང་།  བསང་མཆོད་ཅིག་ཀྱང་བྱ།  རྒྱ་ལ་རྔན་པ་ཕ་ནོར་མང་པོ་སྤྲད་ཟེར་ཡང་ཁོས་ཁས་མ་བླངས།  ཡང་རྒྱ་དབང་པོ་ཆུང་བའི་རྩར་སོང་སྟེ་ཞུས་པས་ཕ་མཚུན་མཇལ་དུ་བཅུག  ཁོ་ཡིས་ཐབས་བྱས་ཏེ་ལུག་སྙིང་དང་ཕ་སྙིང་བརྗེས་ཏེ་སོང་།  དེ་ཉིད་རྒྱ་ཡིས་ཤེས་ནས་ཁོའི་རྗེས་དེད་ཀྱང་ཕན་ཚུན་གཏམ་སྨྲ་བ་ཙམ་ལས་ཕ་སྙིང་མ་ལོན།  དེར་བོད་ཀྱིས་ལྷ་བོན་གསུམ་གདན་དྲངས་ཏེ་ཉིན་དགུ་ལ་ཡར་སེལ།  ཉིན་བཅུ་གསུམ་ལ་མར་སེལ།  གསས་མཁར་བཅུ་གསུམ་གྱི་ཁ་རྒྱན་བསྟོད་པས་བོད་ཀྱི་རྨང་པ་གྲོལ།  བོད་འཛོམ་ལ་ཕྲོམ་གྱི་སྲས་ནི་བོད་ཁྲི་ཐོ་ཆེན་པོའོ།  །

གསུམ།  བོད་མ་གསུམ་བུ་དྲུག་གི་སྐོར།

   དེ་ཡང«བསང་གི་ཡག་ཀ་བཅུ་གསུམ»ལས།“སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་དེས། །ལྡོང་རིག༼རིགས༽ཀུན་ལ་སྨོན་ལམ་བཏབ། །ལྡོང་ལྷ་མོ་ཕུག་ལ་སོགས་ཏེ། །ལྡོང་ཡང་མི་རབ༼རབས༽རྒྱུད་དུ་གྲོལ། །ཞེས་པ་ནས། རྒ་ཡང་མི་རབ༼རབས༽རྒྱུད་དུ་གྲོལ། །”ཞེས་པའི་དོན«དབུ་ནག་མིའུ་འདྲ་ཆགས»ལས་གསལ་བ་ལྟར།  བོད་ཁྲི་ཐོག་ཆེན་པོས་གཉན་ལྕམ་དཀར་མོ་ཁབ་ཏུ་བཞེས་པ་ལ་སྲས་ཆེ་བ་ལྡོང་། འབྲིང་བ་དབྲ། ཆུང་བ་འགྲུ་དང་གསུམ།  དམུ་ཟ་ཁབ་ཏུ་བཞེས་པས་སྲས་དམུ་ཚ་སྒ་བྱུང་། སྲིན་མོ་གོ་ཟུ་ཅན་ཁབ་ཏུ་བཞེས་པར་སྲས་ཆེ་བ་དབའ་དང་། ཆུང་བ་ལྡ་དང་གཉིས། དེ་དག་ལ་བོད་མ་གསུམ་བུ་དྲུག་ཟེར། ཨ་མྱེས་ཁྲི་ཐོག་དེ་ལྷ་རི་བཞུར་པོའི་མཐིལ་ན།  དུང་གི་མཛོ་མོ་སྨན་གཉིས་སྐྱོང་། ནང་ནུབ་ཟོ་བ་གཉིས་བརྒྱད་བཞོས། དེ་གཉིས་བདུད་ཀྱི་ཇག་པ་རྐྱ་བདུན་གྱིས་འཕྲོག ཨ་མྱེས་ར་མདར་སོང་ནས་བར་གྱི་གླིང་ཁུག་གོང་མ་ཟེར་སར་སླེབས། གཉན་ལྕམ་དཀར་མོས་ཁྱོ་བོ་བདུད་ཀྱིས་གསོད་དོགས་ཀྱིས་དུང་གི་སྦལ་པར་བརྫུས་ཏེ་ལམ་བཀག  ཨ་མྱེས་ཀྱིས་དེ་ངོ་མ་ཤེས་པར་ཁྲོས་ཏེ་སྦལ་པར་གྲི་རྒྱབ། སྦལ་པས་སྐད་ངན་ཤོར་བས་གཉན་རྒན་དྷེ་བས་ཐོས་ཏེ་རང་གི་བུ་མོ་གསོད་པར་དགོངས་ནས་གཉན་གྱི་གཟེར་མདའ་རྒྱབ་སྟེ་ཨ་མྱེས་བསད། དེར་གདུང་དྲུག་བོད་ཀྱིས་བདུད་ལ་ཕ་ཤ་ལེན། གཉན་ལ་ཕ་སྟོང་འདེད་ཟེར་བ་ལ། བར་དེར་ཕྱྭ་བུ་སྤྱི་གཙུག་རྒྱལ་བས་མི་དང་གཉན་གཉིས་བར་གཟུ་བྱས་ཏེ། གཉན་གྱིས་གདུང་དྲུག་ལ་ཕ་སྟོང་འཇལ་བར་ཆད། ལྡོང་ལ་ལྡོང་ལྷ་རྨ་ཕྲོམ་བྱིན། གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན།  མི་མངོན་ནམ་མཁའི་དབྱིངས་ན་འདུག ལྡོང་དར་ཕྱུག་ཅན་གྱི་སྒྲ་བླ་བྱེད།  དབྲ་ལ་དབྲ་མོ་དབྲ་བཀྲ་བྱིན།  བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན། ནམ་མཁར་འགྲིམ་ཞིང་གངས་རི་ཉུལ། དབྲ་བཙུན་དར་ཅན་གྱི་སྒྲ་བླ་བྱེད། འགྲུ་ལ་འབྲི་མོ་ཕྲོམ་ཕྲོམ་བྱིན། ལྷ་གཡས་དབལ་གྱི་རྭ་ཅོ་ཅན། འགྲུ་ལ་ཉུལ་ཞིང་རྫ་རི་འགྲིམ། འགྲུ་དཔའ་ངར་ཅན་གྱི་སྒྲ་བླ་བྱེད།  སྒ་ལ་སྐར་མ་ལེགས་པོ་བྱིན། གསེར་སྟག་མཚལ་གྱི་རི་མོ་ཅན། ཁམས་གསུམ་འགྲིམ་ཞིང་སྒ་ལ་ཉུལ། སྒ་ཕྱུག་དར་ཅན་གྱི་སྒྲ་བླ་བྱེད། ༼གོང་གསལ་འབྲུག་ཁྱུང་གཡག་སྟག་བཞི་པོ་ཀླུང་རྟའི་ངོས་སུ་བཀོད་པ་དང་མི་རིགས་བཞིའི་བླ་རྟགས་ཀྱི་ཁུངས་ཀྱང་དེ་ཡིན་ཟེར༽དབལ་ཟླ་གཉིས་ལ་ཤེལ་གྱི་ར་སྐྱེས་ཁམ་པ་དང་།  དུང་གི་ཁྱི་མོ་དཀར་མོ་བཅས་བྱིན། ༼དབལ་ཟླ་གཉིས་པོ་མ་ངན་པའམ་བྱས་རྗེས་ཆུང་བས་བུ་གཞན་ལས་མཐོང་ཆུང་བར་བཤད༽གདུང་དྲུག་བོད་ཀྱིས་ཕ་སྟོང་ཆུང་བས་ད་དུང་བདུད་ལ་ཕ་ཤ་ལེན་པར་བྱས། ཐོག་མར་ཕ་སྟོང་ལེན་པར་ལྡོང་དང་། དབྲ་དང་། སྒ་གསུམ་རིམ་པར་སོང་ཡང་བདུད་ཀྱི་ཟིལ་ལ་མ་བཟོད་ནས་ཚུར་ལོག  རྗེས་སུ་འགྲུ་སོང་བས་བདུད་མཁར་ཕྱེ་རྫོང་ཕབས། བདུད་མི་ནག་གསུས་ཆེན་བསད།  བདུད་རྗེ་ཁྱབ་པ་ལག་རིང་བཟུང་།  བདུད་ཕྲུག་བྲག་ལ་བརྡབ། བདུད་ཆང་འཆི་མེད་བདུད་རྩི་སོགས་རྩ་ཆེའི་རྒྱུ་ནོར་རྣམས་གདུང་དྲུག་བོད་ལ་བགོ་བཤའ་བྱས་པའོ།།

   དེ་ལྟར་གནའ་བོའི་ཡིག་རིགས་དེ་དག་ཏུ་ངོ་མཚར་བའི་གསང་བ་གང་མང་བསྔོག་ཏུ་ཡོད་ཀྱང་། ཞིབ་ཕྲ་ཤེས་དགོས་ན་བྱུང་ཁུངས་ཀྱི་ཕུགས་རིང་ཞིང་དུས་ཡུན་རིང་པོའི་ནང་དུ་མཁས་མིན་ཅི་རིགས་ཀྱི་ལག་ནས་བརྒྱུད་དེ་ཡོང་བ་ཡིན་སྟབས། ཡིག་ནོར་དང་དོན་ནོར་མང་པོ་ཞིག་བྱུང་བའི་དབང་གིས་མཐའ་གཅིག་ཏུ་ཁ་ཚོན་ཡང་གཅོད་དཀའ་བ་བྱུང་ཡོད་མོད། གཞི་རྩའི་ཡིག་སྙིང་དེ་དག་སྤྱི་ཡི་གོ་བ་གཅིག་མཚུངས་སུ་འབབ་པ་འདི་དག་ཆེས་རིན་ཐང་ཅན་དུ་མཐོང་། དེ་ལྟར་བཤད་པ་ནི་དཔེ་མཚོན་ཙམ་སྟེ། འདི་དག་དང་འབྲེལ་ཡོད་དཔེ་ཆ་གང་མང་ཞིག་ཡོད་འདུག་པ་ལས་ཁོ་བོས་མཇལ་ཚོད་ཙམ་བྱས་ན།  «རྩ་རྒྱུད་ཉི་ཟེར་སྒྲོན་མ»དང་། «གསེར་འོད་ནོར་བུ་འོད་འབར»«འདུར་རྒྱུད་ཕྱར་བ་ཐང་ཆེན»«རྒྱ་བོད་ཡིག་ཚང་ཆེན་མོ» «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ» «གླེང་གཞི་བསྟན་པའི་བྱུང་ཁུངས» «བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»«སྒྲ་བླའི་གསོལ་མཆོད» «སྒྲ་བླའི་གཡང་ལེན» «བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ» སོགས་ཡིན་ལ་དེ་དག་ཏུ་སྐབས་ཀྱི་བརྗོད་བྱ་འདི་རིགས་རྒྱས་བསྡུས་དང་མཐུན་མིན་ཅི་རིགས་ཤིག་ཡོད་འདུག་ཀྱང་འདིར་དེ་ཙམ་མོ། ། 

༼རྩོམ་སྒྲིག་པ། མགར་རྒྱལ་སྲས།༽

ཞང་བོད་གནའ་བོའི་བསང་ཡིག་གི་ཟུར་ནས་རྙེད་པའི་སྲིད་པའི་ཆོ་རབས་ཐོར་བུ།


  • ལེ་ཚན་སྔོན་མ།:བོད་བཙན་པོའི་སྐབས་ཀྱི་བང་སོ་འགའ་ངོ་སྤྲོད།
  • ལེ་ཚན་རྗེས་མ།:སོག་པོ་རྣམས་དྲི་གུམ་བཙན་པོའི་སྲས་ཤིག་ལས་མཆེད་པའི་སྐོར།
  • རྩོམ་གསར། 10