དྲན་པ་བདུངས་བའི་དབྱངས།

གུ་དཔལ་ཤིས།        2018-08-16

ཁྱོད་ནི་ང་ཡི་ཚོར་བའི་གནམ་ངོ་ཡིན།།

ཉི་མ་གྲང་དང་ཟླ་འོད་འཆར་ཚུལ་དག།

དྲན་སྣང་སྤྲིན་པ་འཐིབས་དང་མ་འཐིབ་ཀྱི།།

ཆར་འབྲུ་བཞིན་དུ་ཡིད་གཞུང་བརླན་ནས་ཐལ།།

 

སེམས་གཞུང་འདི་ནས་ཁ་བ་ལོ་མང་བརྩེགས།།

གངས་རི་བཞིན་དུ་འོད་ཀྱིས་འཁྱུད་པར་བྱས།།

ལོ་མ་སྒྲིག་པའི་རྟེན་འབྲེལ་ལྗང་གུའི་ངོགས།།

དབྱར་གཞུང་མེ་ཏོག་སེར་བས་དངན་པ་ཐེབས།།

 

གྲེ་བའི་ནང་གི་སྐད་ཆ་ལུས་འཕྲོ་དག།

རྨི་ལམ་རྫོང་ནས་ཞལ་ཁ་ཕྱེ་འམ་ཅི།།

ས་སྲོད་མོག་པའི་གྲིབ་མ་ཐར་ཐོར་འོག།

སེམས་ཀྱི་མེ་ཁ་སྦར་ཐབས་མ་བྱུང་ལགས།།

 

མིག་མཐའི་གྲིབ་དབྱངས་ཁྲོད་ན་སྒོམ་པར་ཞུགས།།

སེམས་སོང་སྡིག་སྒྲིབ་ཞེན་ཆགས་རབ་ཏུ་ལྗིད།།

གཙང་བོ་གྲངས་མེད་ཁྱོད་ཀྱི་གན་དུ་བཞུད།།

རི་བོ་མང་ཙམ་ཨག་འབྱོག་སྙིང་ཁར་བརླན།།

 

མིག་གི་མཐའ་ན་གྲིབ་མ་ལྷེམ་ལྷེམ་ལྷེམ།།

སྣང་བའི་དབྱར་ཁ་མེ་ཏོག་ཞལ་འཛུམ་ལེ།།

རྨི་ལམ་གྲོང་གི་བྱབས་ཁྲུས་གར་མ་ཀྱེ།།

ཆོས་ཉིད་སྟོན་གྱི་དུས་ཚིགས་ཚེས་ལ་ཤོག།

 

འབྱུང་འཁྲིགས་ལོ་ཟླ་དམར་པོ་རབ་ཞི་ནས།།

ལང་ཚོ་འཛུམ་པའི་མཆོར་སྒེག་ལྡེམ་ལ་ཤོག།

ཚོར་བའི་དབྱངས་འགྲོས་སིམ་པའི་ཞོགས་གསར་ཞིག།

ཚེས་པའི་རྟེན་འབྲེལ་སྙན་ངག་བསིལ་མ་འདྲེན།།


  • ལེ་ཚན་སྔོན་མ།:ང་ཅོལ་ཆུང་ཡིན་ཡང་ཨ་མར་བསྟོད།
  • ལེ་ཚན་རྗེས་མ།:དགུན་དུས་ཧྲིལ་བོ། ____ དགེ་ཆོས་ལ་ཕུལ་བ།