ང་ཅོལ་ཆུང་ཡིན་ཡང་ཨ་མར་བསྟོད།

རྨེའུ།        2018-08-16

གདུང་སྐྱོ་བའི་འཁང་ཡུས་རང་གིས་མྱོང་།

དཔལ་རྒྱས་པའི་ཕུན་ཚོགས་བསྔོ་བ་བྱ།

རིན་མེད་པའི་ངལ་བར་གཏད་དེ་འབད།

ངས་སྙན་ངག་མི་ཤེས་ཨ་མར་བསྟོད།

 

སྤྱོད་རྩུབ་པའི་གཤིས་ལ་བཟོད་བསྲན་སྒོམ།

བཀྲེས་ལྟོགས་པའི་སྤྲང་བོར་སྦྱིན་པས་ལྟེམས།

སྡུག་ཚེགས་པའི་དུབ་ཀྱང་ཕྲག་ཏུ་ལེན།

ངས་ཚིག་རྒྱན་མི་ཤེས་ཨ་མར་བསྔགས།

 

འཁྱགས་ཁ་བའི་རང་བཞིན་ལུས་ཀྱིས་གསོ།

དྲོད་མེ་ཡི་ངོ་བོ་རྔུལ་ཆུས་གཞིབ།

སྐྱིད་བདེ་བའི་འཚོ་བ་གཞན་ལ་སྟེར།

ང་མཁས་པ་མིན་ཡང་ཨ་མར་བསྟོད།

 

མཐོ་བརྗིད་པའི་གོ་འཕང་དམའ་རུ་ལྟ།

དམའ་གཉོམ་པའི་ཉམ་ཐག་མཐོ་རུ་བཏེགས།

སེམས་དཀར་བའི་དམ་པར་ཡིད་ཀྱིས་བཀུར།

ང་མངོན་ཤེས་མིན་ཡང་འདི་ལྟར་ལགས།

 

འཇམ་གདམས་པའི་ཁ་ཏ་སྙིང་གི་རྩི།

བྱམས་འཛུམ་པའི་མདངས་དེ་བློ་ཡི་ཟུངས།

དྭངས་གཙང་བའི་ཀུ་རེ་བྱིས་ཆུང་དགའ།

ང་ཀླད་མེད་ཡིན་ཡང་ཨ་མར་བསྟོད།

 

དུས་བཞི་ཡི་འགྱུར་བ་བྲེལ་གྱིས་སྐྱེལ།

ནམ་སྨད་ཀྱི་རྨི་ལམ་བུ་ལ་བཅོལ།

སུན་གཙེས་པའི་ལེ་བདའ་གཞོབ་སྲེག་བྱ།

ང་སྒྱིད་ལུག་ཡིན་ཡང་ཨ་མར་བསྟོད།


  • ལེ་ཚན་སྔོན་མ།:དབྱར་དུས་ཀྱི་སྣང་བ།
  • ལེ་ཚན་རྗེས་མ།:དྲན་པ་བདུངས་བའི་དབྱངས།