འདབ་པའི་བེ་ཤ་ཕྱི་རོལ་ཡུལ་དུ་ཚོང་བྲིན་བྱུང་།

དབྱངས་ཅན་གྱིས་བསྒྱུར།        2018-08-13

   ཉིན་མོར་བེ་ཤ་འཐུ་ནས་མཚན་མོར་ཚོང་རའི་ཐོག་བཤམས་པ།

    ཉེ་ཆར། སྨྱུག་འཛིན་པས་འདབ་པ་རྫོང་གི་བེ་ཤ་ཚོང་ཁྲོམ་དུ་བཅར་འདྲི་བྱེད་སྐབས་རྒྱུས་ལོན་བྱུང་དོན། གནམ་གྲུ་ཐོག་ནས་དངོས་ཟོག་སྐྱེལ་འདྲེན་བྱས་པར་བརྒྱུད། འདབ་པ་ནས་ཐོན་པའི་འཚོ་བཅུད་ལྡན་པའི་བེ་ཤ་སོ་མ་ཉིན་དེར་འཛད་སྤྱོད་པའི་ལག་ན་འཕྲོད་ཐུབ་པ་རེད།

སྤྱི་ཟླ7པའི་ཚེས22ཉིན་གྱི་ས་སྲིབ་པའི་སྐབས་སུ་ཏག་ཏག་ཆར་པ་བབས་ནས་མཁའ་དབུག་བཞར་ཚན་ཆེ་བ་རེད། འདབ་པ་རྫོང་བཅིངས་འགྲོལ་གྲོང་རྡལ་བདེ་སྐྱིད་ཁྲོམ་ལམ་དུ་གླ་བཏང་ནས་བསྡད་པའི་བེ་ཤ་མཁོ་འདོན་བྱེད་མཁན་ཚོང་པ་ཝང་ཧྲུའུ་ཆུན་གྱིས་ལས་བཟོ་པ་ཚོ་དང་མཉམ་དུ་རླངས་འཁོར་བཏང་ནས་ཚོང་ཁྲོམ་དུ་བེ་ཤ་བསྡུ་སར་འགྲོ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད། མཚན་མོར་བསླེབ་རན་ཁར་རྫོང་དེར་ཅུང་འཇམ་ཐིང་ངེར་དུ་གྱུར་ཡོད་ནའང་། བེ་ཤའི་ཚོང་ཁྲོམ་དུ་སྐབས་དེར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་བཞིན་པ་རེད། མི་སེར་ཚོས་ཉོ་སྒྲུབ་བྱས་པའི་བེ་ཤ་ཁྱེར་ནས་ཚོང་དཔོན་དང་རིན་གོང་གཏམས་ནས་འུར་གྱིས་ཁེངས་བཞིན་པའི་སྒང་རེད།

   འདབ་པ་རྫོང་གི་ཤང་དང་གྲོང་རྡལ་སོ་སོའི་མི་སེར་ཚོས་ཉིན་མོར་འཐུ་པའི་ཤ་མོ་གསར་པ་དེ་དག་ཉིན་དེར་ས་ཆ་འདིར་འདྲེན་ནས་ཡག་ཞན་རིགས་བགོས་རྗེས་མཁའ་གྲུ་ཐོག་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་སྐྱེལ་འདྲེན་བྱས་པ་རེད།

   བཅུད་ལྡན་ཤ་མོ་གནམ་གྲུ་ཐོག་ནས་སྐྱེལ་འདྲེན་བྱེད།

   ཁྲེང་ཏུའུ་ནས་འོངས་པའི་ཤ་མོ་ཉོ་མཁན་ཚོང་པ་ཝང་ཧྲུའུ་ཆུན་གྱིས་འདབ་པ་རྫོང་དུ་བེ་ཤ་ཚོང་གཉེར་བྱས་ནས་ལོ་ང་བདུན་བརྒྱད་ཙམ་འདས་ཟིན་པ་རེད། ཁོ་མོས་གསར་འགོད་པར་ད་ལོར་འདབ་པའི་བེ་ཤའི་སྤུས་ཀ་ཧ་ཅང་ཡག་པོ་འདུག མོ་རང་གིས་ཉིན་རེར་བེ་ཤ་ཏུན་དྲུག་བདུན་ཙམ་ཉོ་སྒྲུབ་བྱས་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་སྐྱེལ་འདྲེན་བྱེད་བཞིན་པ་དང་། ང་ཚོས་སྐྱེལ་འདྲེན་བྱས་པའི་བེ་ཤ་དེ་དག་ཆེ་ཆུང་མི་འདྲ་བར་རིན་གོང་ཡང་མི་འདྲ་བ་རེད། ད་ལོར་སྤུས་ཀ་ཆེས་ཡག་པོའི་བེ་ཤ་སྤྱི་རྒྱ་གང་རེར་རིན་གོང་སྒོར400ནས500བར་རག་འདུག ན་ལོ་དང་བསྡུར་ན་བརྒྱ་ཆ5ཡན་མན་འཕར་ཡོད་པ་རེད་ཅེས་བཤད།

    བེ་ཤ་རྩ་ཆེན་དེ་ཧ་ཅང་སྐྱེ་སྲེང་བྱེད་དཀའ་བར་མ་ཟད།བེ་ཤ་འཐུ་རྗེས་ཉར་ཚགས་བྱེད་ཡུན་ཉིན7ལས་བརྒལ་མི་རུང་བར་བརྟེན། དངོས་ཟོག་སྐྱེལ་འདྲེན་བྱེད་ཡུན་ལ་ཧ་ཅང་དང་དོད་བྱ་དགོས་པ་རེད། ཝང་ཧྲུའུ་ཆུན་གྱིས་གསར་འགོད་པར་སྔོན་མར་བེ་ཤ་ཕལ་ཆེར་རླངས་འཁོར་ཐོག་ནས་བསྐྱལ་དགོས་པ་རེད། ལོ་རྟག་པའི་སྤྱི་ཟླ7པ་ནས9པའི་བར་བེ་ཤ་ཐོན་ཡུལ་དུ་ཆར་ཆུ་འབེལ་བའི་གནམ་གཤིས་དང་འཕྲད་སྐབས།གཞུང་ལམ་ཆད་ནས་བེ་ཤ་གྱོང་གུན་ཐེབས་པའི་གནས་ཚུལ་བྱུང་སྲིད་པ་རེད། ད་ལྟར་མཁའ་གྲུ་ཐོག་ནས་སྐྱེལ་འདྲེན་བྱས་ཏེ་བེ་ཤའི་སྤུས་ཀར་ཁག་ཐེག་བྱེད་ཐུབ་པ་རེད། སྔ་དྲོར་སྐྱེལ་འདྲེན་བྱས་རྗེས་ཕྱི་དྲོར་གསོལ་ལྕོག་ཐོག་གཤོམ་ཐུབ་པར་བྱུང་ནས་ཧ་ཅང་སྟབས་བདེ་མོ་རེད་ཅེས་བཤད།

    ཐོན་ཡུལ་ནས་ཐད་ཀར་སྐྱེལ་འདྲེན་བྱས་ཏེ་བྲོ་བ་ཞིམ་པོ་བེ་ཤ་སྲུང་འཛིན་བྱེད་པར་ཁག་ཐེག་བྱེད།

   འདབ་པའི་ཕྱོགས་ཀུན་ཁྱབ་པའི་དྲ་བར་བརྟེན་པ་དང་། མཁའ་གྲུ་ཐོག་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ཞབས་ཞུ་བྱེད་ཐབས་སྤྱད་ནས། འདབ་པའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱིས་གཞི་འཛིན་ནས། རྫོང་ཡོངས་ཀྱི་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་ཐོན་ལས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད། འཚོགས་མ་ཐག་པའི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་སྐུལ་འདེད་གྲོས་ཚོགས་ཐོག རྫོང་དབུལ་སྐྱོར་གནས་སྤོ་ཡུལ་མི་ཅུས་ཀྱི་འགན་འཁུ་མི་སྣས་མི་འབོར་དེ་བས་མང་པོ་ཞིག་གིས་བེ་ཤ་ལ་དགའ་པོ་བྱེད་བཞིན་ཡོད་པས།དེ་ལྟར་མཁའ་གྲུ་དོས་སྐྱེལ་གྱིས་འཛད་སྤྱོད་པ་དང་ཐོན་ཡུལ་གྱི་ཚོང་གཉེར་བྱེད་མཁན་བར་འབྲེལ་ཟམ་བཙུགས་ནས།འདི་ལྟ་བུ་ཐོན་ཡུལ་ནས་ཐད་ཀར་སྐྱེལ་འདྲེན་བྱེད་ཐུབ་པ་དེས་ཐོན་རྫས་ཀྱི་སྤུས་ཀ་ཚད་ཆེ་ཤོས་ཀྱི་ཐོག་ནས་ཁག་ཐེག་བྱེད་ཐུབ་པ་རེད་ཅེས་བཤད།

   སྲོལ་རྒྱུན་གྱི་མངག་ཉོ་བྱེད་པའི་ཐབས་ཤེས་སྤྱད་པར་ཕུད།ཝང་ཧྲུའུ་ཆུན་གྱིས་ད་དུང་གློག་རྡུལ་གྱི་ཚོང་གཉེར་ལས་སྟེགས་ཐོག་ནས་བེ་ཤ་འཚོང་བཞིན་པ་རེད།

   དཀར་མཛེས་ཁུལ་དུ་ཝང་ཧྲུའུ་ཆུན་དང་འདྲ་བའི་སྲོལ་རྒྱུན་གྱི་སྐྱེལ་འདྲེན་བྱེད་སྟངས་དང་མཁའ་གྲུའི་ཐོག་ནས་སྐྱེལ་འདྲེན་བྱེད་པ། གློག་རྡུལ་ལས་སྟེགས་ཀྱི་མགྱོགས་འཁོར་དུ་འཛེགས་ནས་ལས་ལམ་གསར་གཏོད་དང་ཕྱུག་འགྱུར་ཡོང་མཁན་མང་པོ་ཡོད་པས།བེ་ཤ་ཆུང་ཆུང་དེ་ཡུལ་དེའི་ཕྱུག་འགྱུར་ཐོན་ལས་སུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་ལ་བེ་ཤའི་ཐོན་ལས་ཀྱི་འཁོར་འབྲེལ་ཆགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་གིས་ཁྱིམ་ཚང་དབུལ་པོར་འབབ་འཕར་གཏོད་རོགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།