པོ་ཏ་ལ།

ཚེས་ཀ        2018-08-10

མེས་པོའི་ངལ་རྩོལ་ལས་གྲུབ་པའི་མཐུན་སྒྲིལ་གྱི་ཨ་ལོང་།

ཕ་མེས་ཕྱག་སོར་ལས་བཏབ་པའི་ཟུངས་ཁྲག་གི་དྭངས་མ།

བརྗེད་མི་སྲིད་པའི་ཕ་མཁར།

བརྗོད་མི་ཚར་བའི་ལོ་རྒྱུས།

དེ་དག་ཡོད་ཚད་ང་ཚོའི་ཤ་དང་རུས་པའི་གསེང་ན་ཡོད།

ཁྱེད་ནི་དཀར་འཇམ་གྱི་ཤོག་གཙང་ཞིག་སྟེ།

ངོས་སུ་ཁ་དོག་སྣ་ལྔ་ལྡན་པའི་སྙན་ཚིག་མང་དུ་བྲིས་ཡོད།

 

མཇལ་མ་ཐག་ཏུ་ཁྱེད་ཀྱི་གཟི་དཔལ་ལ་ཧད་དེ།

ངའི་སེམས་ཀྱི་ཆགས་སྡང་ཞི་ཞིང་དུལ།

 

བླ་སྲོག་གི་གཞིས་ཀ།

ལོ་རྒྱུས་ཀྱི་རྡོ་རིང་།

བརྗིད་ཆགས་པའི་ཕ་མཁར་སྨུག་པོ།

ཁྱེད་ཀྱིས་བདག་ལ་སྤྲད་པའི་དགའ་སྐྱོའི་གཏམ་རྒྱུད་རེ་རེ།

ངའི་སེམས་ཀྱི་ཕབ་སྐྲུན་ནང་དུ།

སྐྱིད་སྡུག་གི་ལོ་ཟླས་ཡང་ཡང་བརླན་གྱིན་ཡོད།


  • ལེ་ཚན་སྔོན་མ།:ཟླ་བ་སྒྲོལ་མ།
  • ལེ་ཚན་རྗེས་མ།:ཤཱཀྱ་ཐུབ་པ།