ཟླ་བ་སྒྲོལ་མ།

ལྗང་རླུང་།        2018-08-10

བར་སྣང་སྟོང་བ་གས་གྱུར་ཏེ།།

མུན་པའི་དཀྱིལ་འཁོར་གཡོ་བ་ཡི།།

བྱེ་མའི་ཐང་ནས་ཚུར་བསྲིངས་པའི།།

འདོད་པའི་ལག་ཟུང་ཨ་ཚ་མ།།

 

ཡིད་ཀྱི་དྲ་བར་བཞུགས་པའི་ཚེ།།

འཆལ་པོ་ཚངས་དབྱངས་རྒྱ་མཚོ་དེ།།

མ་ཕམ་གཡུ་མཚོའི་འགྲམ་ནས་ཆས།།

དེ་ཡི་བཤུལ་ལམ་ཞུགས་པ་ཡི།།

 

བདག་གི་གླག་རྒོད་གཤོག་ཟུང་ཅན།།

ཟླ་བ་སྒྲོལ་མའི་པང་དུ་ལྕེབས།།

ནས་ཆང་ཕོར་གང་བཏུང་བ་ལས།།

གསལ་ལ་འཛིན་པ་མེད་པ་ཡི།།

 

རྨི་ལམ་ནང་གི་གྲིབ་རིས་ཚོགས།།

དངུལ་གྱི་དར་ཐག་གིས་བཅིངས་ནས།།

སྒྱུ་མའི་ཐང་ལ་ལྷུག་པར་བཀྲམ།།

རྟ་ལ་ཞོན་པའི་ཕོ་རྒོད་འདིས།།

 

འཇའ་འོད་ཧྲུག་ཆག་དུམ་བུར་གཏུབ།།

སྨག་རུམ་ཁྲོད་ཀྱི་བུ་མོ་ཞིག།

འོད་དང་ཆུ་ལ་བྱིང་ནས་སོང་།།

ཆང་གི་བུམ་པ་ཁྱེར་ནས་སོང་།།

 

ཚངས་དབྱངས་རྒྱ་མཚོ་དྲུད་ནས་སོང་།།

བདག་གི་ཁྲུང་ཁྲུང་གཤོག་རྩལ་ཅན།།

ལི་ཐང་སྐོར་ཞིང་བསྐོར་ནས་ཡོང་།།

གཡུ་ཐང་ཟམ་པ་བརྒྱུད་དེ་ཡོང་།།

 

ཟླ་བ་སྒྲོལ་མའི་པང་དུ་ལྕེབས།།

རྔ་ཡབ་གླིང་བུ་སྒྲོག་བཞིན་ལྕེབས།།

ཚེ་རབས་ལས་ཀྱི་ཨུཏྤ་ལ།།

སྨོན་ལམ་སྒྲོམ་བུའི་གསེབ་ཏུ་སྐྱེས།།


  • ལེ་ཚན་སྔོན་མ།:ཤུལ།
  • ལེ་ཚན་རྗེས་མ།:པོ་ཏ་ལ།