དྲན་ངོགས་ཀྱི་ཁྱེད།

སྟག་རིག་འབྲུག་ཐར།        2018-08-08

སྐར་ཚོགས་ཀྱིས་ཟླ་བ་པང་བའི་མཚན་མོ་སླེབས་ཐེངས་རེར།

དངོས་འབྲེལ་སྤྲོ་འཆམ་གྱི་ལོ་ཟླའི་གསེང་ནས།

དུང་བརྩེའི་མེ་ཏོག་གི་གང་བུ་རྒྱས་པ་དྲན་འོང་ཞིང་།

ཀྱ་ཀྱུར་བཞུར་བའི་ཆུ་ཕྲན་གྱིས་གླུ་ཆུང་གྱེར་ཐེངས་རེར།

ཤག་ཤག་བྱོ་བའི་མཛའ་གཏམ་གྱི་ཀློང་ཡངས་ནས།

མཐུན་པའི་དགོད་འཛུམ་གྱི་གཞས་དབྱངས་འཕྱོ་བའང་དྲན་སྲིད།

 

ཏག་ཏག་ལྷིང་འཇགས་འཐུང་བའི་མཚན་མོས།

འཁྱག་པ་རྡོ་དང་འདྲ་བའི་ངའི་སྙིང་ཆུང་ལ་དྲོད་ཁོལ་སྦྱིན་འོང་ཞིང་།

ལྗོན་པའི་རྩ་བ་འགྱེལ་འདྲའི་ངའི་རེ་སྨོན་ལ་ཁ་དོག་བསྣན་ཡོང་།

 

ཟང་ཟིང་དང་འདུ་འཛིས་བསླུས་པའི་གྲོང་ཁྱེར་འདིའི་ཕྱི་ནང་བར་གསུམ་ལ།

དབྱར་དྲུག་པའི་ཚ་སྨུག་གི་སྒྲིབ་ཡོལ་དཔྱངས་དུས།

རེ་སྒུག་གྲངས་མེད་ཅིག་གསོག་ནས།

རླུང་བུའི་བསིལ་འཇམ་དང་ཆར་བའི་ནེམ་ཤ་ཐོབ་པར་སྨོན་པའི་བཟོ་ལྟ་དེ།

ཡུན་རིང་ལས་ཀྱིས་བྲལ་བའི་སྙིང་སྡུག་མ་ཞེ་རྩར་སྒོམ་པ་དང་ཇི་འདྲའི་མཚུངས་ཨང་།

དྭངས་བསིལ་བསིལ་གྱི་ངོ་གདོང་དང་རློན་ནེམ་ནེམ་གྱི་མཆུ་སྒྲོས།

ད་དུང་སྐར་འོད་འཚེར་འདྲའི་མིག་མདངས་དག

ཡོད་ཚད་གོ་རིམ་འཁྲུག་པའི་འདུ་འགོད་འདིའི་ཁྲོད་ནས་དབང་མེད་དུ་དྲན་འོང་།

 

ལྷིང་འཇགས་ནི་བརྩེ་དུང་གི་རྣམ་ཤེས་སྦྲུམ་སའི་དྭངས་གཙང་གི་རྩྭ་ཐང་དེ་ཡིན་ཚེ།

ལྷུག་པོར་བཞད་པའི་བདེ་སྐྱིད་ཀྱི་མེ་ཏོག་དང་སྙན་ཆ་དོད་པའི་མཛའ་འབྲེལ་གྱི་བྱེའུ་

ཆུང་ཟུང་ནི་གནས་ཡུལ་དེའི་རྒྱན་ཆར་འཐིམས་ཡོད།

རེ་འདོད་ནི་ལྗང་མདོག་གི་མྱུ་གུ་ལ་ཟམ་ཟིམ་འཇོ་བའི་སྦྲང་ཆར་དེ་ཡིན་ན།

མཉམ་འཛོམས་ནི་འགལ་རྐྱེན་བྲལ་བའི་རང་བྱུང་མར་ཐོན་པའི་ཐུན་མོང་གི་གཏད་སོ་དེ་ཡིན།

 

བར་ཐག་གི་རྐྱེན་པས། དུང་བའི་གླུ་ཞིག་བླངས་ཀྱང་དབྱངས་རྟར་རྒས་ཉམས་ཐོན་འདུག

དྲན་པའི་སྐྱེས་ཤིག་བསྐུར་ཡང་འབྱོར་བའི་ཨ་ལན་མི་ལྡོན།

ནམ་རྒྱུན་ས་སྲོད་དང་གོམ་འགྲོས་འཐབ་ནས།

དྲན་པ་སྨག་ལ་གཞིབ་སྟེ།

རྒྱང་རིང་བའི་མཁའ་མཐར་ཅེར་དུས།

མཚན་མོའི་ལྷིང་འཇགས་འོག་གི་དུང་ཟླ་ཁོ་ན།

སེམས་གཏམ་སྦྱོར་སའི་སྙིང་སྡུག་གི་ཚབ་མཚོན་ཡིན།

 

དུང་བརྩེ་རྣལ་མ་དེའི་སླད་དུ། དྲན་པའི་ཟབ་སར་སྦས་ཡུན་རིང་ལ།

སེམས་པའི་གཞི་རུ་ཁུར་དུ་ལྕི་བའི་གསེར་མདོག་གི་ཡིག་རྡོག་འདི་དག་ནི།

ཡུན་རིང་སྨྱུག་ཁ་ནས་སྒོམ་པའི་འབྲི་སྙིང་ཆེ་བའི་བརྩེ་འཕྲིན་དམར་པོ་དེ་ཡིན་ལ།

དེ་ནི་བསྡུས་བརྗོད་ཀྱི་སྦུབས་ལ་འཚང་བའི་མཛེས་པའི་ཡང་རྩེའང་ཡིན།

 

དྲན་པ་འདི། མཚན་མོའི་ཧྲག་བར་ནས།

ལྷད་མེད་སེམས་ཀྱིས་ཡང་ཡང་མཆོད་ཅིང་།

དུང་ཞེན་ཕྲ་མོས་ཡང་ཡང་སྒུལ་བས།

ཡོད་ཚད་འདི་ལྟར་ཁྱེད་ཕྱོགས་སུ་འཕུར་སོང་།

 

མཚན་མོར་ཉི་མ་གཞོན་ནུའི་གཟི་བྱིན་གྱི་བཀྲག་མདངས་མེད་ན་ཡང་།

ལྷིང་འཇགས་ལ་བརྒྱུས་པའི་ལྷད་མེད་དུང་བརྩེ་ཡི་གཏམ་རྒྱུད་སྙན་མོ་དག

མཐོང་དབྱིངས་ཀྱི་སྐར་མའི་འབྱེད་འཛུམ་བར་ནས།

ཡ་ཆུང་གི་ཁུད་དུ་ལྷུང་སྲིད་ལ།

དྭངས་གསལ་མེ་ལོང་ལྟ་བུའི་དུང་ཟླའི་ངོས་སུ་གསལ་གྱི་ལེར་མཇལ་འོང་།

དེ་ནི་དངོས་དོན་ཁྱེད་རང་མ་ཡིན་ནམ། སྙིང་སྡུག་ལགས།


  • ལེ་ཚན་སྔོན་མ།:ཁ་པར་ནང་གི་སྐར་མ།
  • ལེ་ཚན་རྗེས་མ།:ཤུལ།