འཆམ་མཐུན་གྱི་རྩེ་གཞུང་།

འཇམ་དཔལ་གྲགས་པ།        2018-08-08

 དུས་རབས་ཉེར་གཅིག་པའི་ཉི་གཞོན་དྲོན་མོ་དབང་ཕྱོགས་ཤར་རིའི་རྩེ་ནས་དལ་གྱིས་འཕགས་ཚེ་རང་རང་གི་འགན་འཁྲི་དང་ཕུགས་བསམ་ལ་བརྩོན་གྱིན་པའི་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས་ཕ་ཡུལ་གངས་ལྗོངས་གསར་བ་འཛུགས་སྐྲུན་བྱེད་བཞིན་པ་ནི་དེང་རབས་འཆམ་མཐུན་གསར་བའི་སྤྱི་ཚོགས་ཡིན་ལ།  དུས་རབས་ཉེར་གཅིག་པའི་སྣང་བརྙན་ངོ་མའང་ཡིན།  ལྷག་པར་དུ་ངའི་ཕ་ཡུལ་རྩེ་གཞུང་ལ་མཚོན་ན། དེང་རབས་འཆམ་མཐུན་སྤྱི་ཚོགས་ཀྱི་མཚན་གཞིར་འོས་པའི་དགེ་མཚན་དུ་མ་སྣང་སྟེ།   ལྟོས་དང་། སྟོད་ན་རྒྱ་ཕིབས་གསེར་མདོག་གི་ལང་ཚོ་རྒྱས་པའི་ལྷ་ཁང་དང་འདུ་ཁང་ནང་དུ་འཆམ་མཐུན་གྱི་འདོན་ཆོས་འབྲུག་སྒྲ་སྙན་མོ་ལྷང་ལྷང་གྲགས་ལ། བར་ན་བ་གམ་ཁང་བཟང་མངོན་པར་བརྩེགས་པའི་སློབ་རའི་སྐྱེད་ཚལ་དུ་དོན་གཉེར་གྱི་གཤོག་ཟུང་ཅི་དགར་བསྐྱོད་པའི་སློབ་བུ་བུང་བ་གཞོན་ནུས་དཔེ་ཀློག་སྐྱོར་སྦྱངས་བྱེད་པའི་འཆམ་མཐུན་གྱི་དབྱངས་རྟ་ཕྱོགས་བཅུར་སྒྲོགས།  ད་དུང་སྨད་ན་ཚོང་ཟོང་ཐང་མར་བརྡལ་བའི་ཁྲོམ་ར་གསར་བར་ཉོ་མཁན་འབོད་འགུག་གི་འབོད་སྒྲའང་བར་མེད་སྒྲོགས།   ཨེ་མ་་་་མཛེས་སྡུག་གི་རྩེ་གཞུང་།  འཆམ་མཐུན་གྱི་རྩེ་གཞུང་།  ཁྱེད་ནི་མི་ཡུལ་འདིའི་ཆེས་དྭངས་གཙང་གི་གནས་མཆོག་དང་། ཆེས་ཉམས་དགའ་བའི་ཤམ་བྷ་ལའི་ཞིང་ཁམས་ངོ་མ་ཞིག །

  ༡.དཔྱིད་ཀྱི་བདག་མོ་མཁའ་ལས་བབས་ཏེ་ས་གཞི་ཡོངས་ལ་དྲོད་ཁོལ་སྦྱིན་པའི་དཔྱིད་དུས་སུ་ཆེས་ཐོག་མའི་ཚེ་སྲོག་ཆུང་ངུ་མང་བོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་དུ་འཇིག་རྟེན་འདིར་སླེབས་ཏེ་འཆམ་མཐུན་འཚོ་བར་རོལ་མགོ་རྩོམ།

  ༢.ནོར་འཛིན་སྒེག་མོའི་རྩྭ་ལྗང་གི་གོས་ལྭ་མནབས་ཏེ་ཆུ་སྐྱེས་མེ་ཏོག་གསར་བའི་རྒྱན་ཆ་སྤྲས་པའི་དབྱར་དུས་སུ་དེ་དག་གི་མཛེས་སྡུག་དཔལ་ལ་ཆགས་པའི་བྱ་དང་བྱེའུ། འབུ་དང་བུང་བ། ད་དུང་་་་་་་་་་་་་ཕྱེ་ལེབ་སྒེག་མོའི་ཚོགས་ཀྱིས་དགའ་བའི་གར་སྟབས་བསྒྱུར་བཞིན་འཆམ་མཐུན་གྱི་དྲུག་འགྱུར་སྙན་མོ་ཅི་དགར་སྒྲོགས།

  ༣.འབྲོག་པའི་མཐིང་སྨུག་སྦྲ་ཆུང་མར་ཕྱུར་གྱིས་གང་ཞིང་རོང་བའི་བང་མཛོད་གྲུ་བཞི་འབྲུ་རིགས་ཀྱིས་གཏམས་པའི་རྫོགས་ལྡན་སྟོན་གྱི་དུས་སུ་ངོ་གདོང་ཧྲིལ་པོར་འཛུམ་གྱིས་ཁེངས་པའི་རོང་འབྲོག་མང་ཚོགས་ཀྱིས་ཕྱོགས་དང་ཕྱོགས། མཐའ་དང་དབུས་སུ་པ་ཏྲའི་རི་མོ་ཐགས་སུ་བཀྲ་བའི་རས་གུར་གྱི་ཚོམ་བུ་གང་སར་བཀོད་དེ་འཆམ་མཐུན་གྱི་གླུ་དབྱངས་དང་ཞི་བདེ་ཡི་སྐོར་བྲོ་འཁྲབ་བཞིན་བདེ་སྐྱིད་ཀྱི་འཚོ་བ་གསར་བར་བསྟོད་གླུ་ལེན།

  ༤.ཁ་བའི་མེ་ཏོག་གི་དབུ་ལོ་འཛིན་མར་འཐོར་ཏེ་ས་གཞི་ཧྲིལ་བོས་རབ་དཀར་ཕྱིང་མདོག་གི་ན་བཟའ་བཀླུབས་པའི་དགུན་དུས་སུ་ཆམ་ནད་དང་རིམས་ནད་ཀྱི་དྲི་མ་མཐའ་དག་ཁ་བའི་ཟེགས་མའི་བཀྲུས་པས་རྡུལ་དང་བྲལ་བའི་འཇིག་རྟེན་ན་ཚེ་སྲོག་ཡོད་དོ་ཅོག་དྲོད་ཁོལ་འཛོམས་པའི་གཞིས་ཀ་རུ་བཟའ་མི་བུ་ཕྲུག་དང་ལྷན་ཏུ་འཆམ་མཐུན་གྱི་འཚོ་བར་རོལ།

  དུས་བཞིའི་འཁོར་སྐྱོད་ཀྱི་ཀློང་ན་ནམ་ཡང་ཞི་བདེ་དང་འཆམ་མཐུན་གྱི་དཔལ་ལ་རོལ་བའི་ངའི་ཕ་ཡུལ་རྩེ་གཞུང་། མཁས་པའི་འབྱུང་གནས་དང་ཤེས་རིག་གི་བང་མཛོད་ཡིན། དཔལ་འབྱོར་གྱི་བསྟི་གནས་དང་ཚན་རིག་གི་ཞིང་ས་ཡིན།

ངས་ནམ་ཡང་ཡིད་ཆེས་དང་དུང་སེམས་ཀྱི་རི་རྩེ་ནས་ཕ་ཡུལ་རྩེ་གཞུང་གི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད། རྒྱང་ལྟ་བྱེད།


  • ལེ་ཚན་སྔོན་མ།:ཟླ་དྲུག་པར་གྱེས་པ།
  • ལེ་ཚན་རྗེས་མ།:ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།
  • རྩོམ་གསར། 10