ཁ་པར་ནང་གི་སྐར་མ།

དུང་བུ་ཆོས་འབུམ་རྒྱལ།        2018-08-08

ཁ་པར་ནི་སྒེའུ་ཁུང་སྟེ།

ཁྱོད་ཀྱི་ཕྱོགས་སུ་བལྟས་ན།

ཡོད་ཚད་རྒྱང་དུ་ཆོད་ཡོད་ཀྱང་།

བུ་ག་ཞིག

ཁྱོད་ལའང་བཏོད་འདུག

དགའ་སྐྱོ་ནི་འོད་ཟེར་ལྟར།

བུ་ག་དེ་ལས།

འཚེར་ཞིང་ཡལ་འགྲོ།

ཁྱོད་ནི་སྐར་མ་ཁེར་འདུག་ཅིག

ནམ་ཡང་ངེས་མེད་ངང་།

ནམ་མཁའ་འདི་ན།

སྨྲ་བ་མེད་པར།

སུ་ལ་བལྟས་ཡོད།

 

ཁ་པར་དང་སྒེའུ་ཁུང་།

 

ཁ་པར་གྱི་སྒེའུ་ཁུང་།

ཕྱོགས་བཞིར་ཕྱེ་ཡོད་ཀྱང་།

སྣང་བ་ཞིག་ལ།

དགའ་སྐྱོ་མཐའ་དག

ཡི་གེ་དང་པར་རིས་ཀྱི་མཚོན་དོན་གྱིས་ཤུལ་དུ་བསྐྱུར།

སྙིང་གཏམ་དག་སྙིང་ནས་ལུས་པས།

འཇིག་རྟེན་འདི་དབུགས་བཏུམས་ལ་བཅུག་པ་ལྟར།

ངག་དམ་མེར།

ང་ཚོ་ལ་འབྲེལ་བ་ཅི་ཡང་མེད།

ཁ་པར་གྱི་སྒེའུ་ཁུང་ནི།

བཙོན་ཁང་གི་དྲ་མིག་དང་འདྲ་བར།

ནམ་ཡིན་ཡང་།

ངའི་ལུས་ལ་ཐོགས་ཡོད།

ཁྱོད་ཀྱིས་ངའི་ཁེར་རྐྱང་གི་བཙོན་མ་དེ་མཐོང་བྱུང་ངམ།

 

མིག་ཆུ།

 

ཁྱོད་ཀྱི་མིག་ཆུ་ནི།

དེ་རིང་གི་ཆར་བ་འདིས་བསླུས་པ་ལྟར།

སེམས་ཀྱི་ཕྱི་ལ་བུད།

རྒྱབ་གཟུགས་དེ།

བརླན་ཤིག་ཤིག

སྨུག་པར་འཐིམ་པ་ན།

ཆར་ཐིགས་གཅིག་གིས།

སྣང་བའི་མཚོ་མོ་འཁྱག་སིབ་བེར་བཏང་བྱུང་ངམ།

 

གནམ་གཤིས།

 

ཉི་མ་ནི།

བློ་རྩེ་གཅིག་གིས་དོགས་ཟོན་བྱས་ཡོད་པ་ལྟར།

འོད་ལམ་ལམ།

 

ནམ་མཁའ་གང་ན།

སྤྲིན་པ་མུར་ནས།

ཁུ་སིམ་མེར།

སྡུག་བསྔལ་སྔོན་པོ་ཞིག་སྲན་གྱིན་ཡོད་དམ།


  • ལེ་ཚན་སྔོན་མ།:མཚན་མོའི་ཁེར་ལབ།
  • ལེ་ཚན་རྗེས་མ།:དྲན་ངོགས་ཀྱི་ཁྱེད།