སི་ཁྲོན་ལི་ཐང་གི་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྤེལ་འགོ་ཚུགས།

ཨོ་རྒྱན་གྱིས།        2018-08-03

 སི་ཁྲོན་ལི་ཐང་གི་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྤེལ་འགོ་ཚུགས།

  མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་དང་དར་སྤེལ། དེ་བཞིན་དཀར་མཛེས་ཁུལ་དང་ལི་ཐང་རྫོང་གི་མཚན་སྙན་ཡོངས་ཁྱབ་དང་རང་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཅས་ཡོང་བའི་ཆེད་དུ་ལི་ཐང་ནས་ཚངས་དབྱངས་རྒྱ་མཚོར་མཇལ་བ་ཞེས་པའི2018ལོའི་སི་ཁྲོན་ལི་ཐང་གི་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་སྤྱི་ཟླ8པའི་ཚེས2ཉིན་གྱི་དགོང་མོར་ཁམས་ལི་ཐང་གི་ཁམས་ལྷོ་བྱེད་སྒོ་ལྟེ་གནས་སུ་སྤེལ་བ་རེད།

   སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཡུས་ཞིང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད། ལི་ཐང་རྫོང་གི་ལས་ཁུངས་ཆེན་མོ་བཞི་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དག་བྱེད་སྒོའི་ཡུལ་དངོས་སུ་ཞུགས།

    ཚོགས་ཐོག་ཏུ་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློས་སི་ཁྲོན་ལི་ཐང་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲེན་ཞན་ཧྥེང་གིས་ཤིས་ཚིག་ཕུལ།

   སྤྱི་ལོ2017ལོར་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གསར་འཛུགས་བྱས་ཏེ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་ལི་ཐང་ནས་ཚངས་དབྱངས་རྒྱ་མཚོར་མཇལ་བ་ཞེས་པ་བརྗོད་སྙིང་དུ་བཟུང་ནས་སྙན་ངག་འགྲན་བསྡུར་སྤེལ་བར་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་དག་ལ་བྱ་དགའི་གཟེངས་རྟགས་གནང་། 

   ཐེངས་འདིར་མུ་ནས་རྒྱལ་ཡོངས་ཀྱི་སྙན་ངག་པ་དང་རྩོམ་པ་པོ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་ཁ་གཏད་དེ་ལི་ཐང་ནས་ཚངས་དབྱངས་རྒྱ་མཚོར་མཇལ་བ་ཞེས་པ་སྙན་རྩོམ་གྱི་བརྗོད་བྱ་རུ་བཟུང་ནས་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་འགྲན་ཚོགས་འདི་སྤེལ་བ་དང་།2018ལོའི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་གསར་རྩོམ་པའི་གསོ་སྦྱོང་འཛིན་གྲྭ་འཚོགས་པ་དང་།  སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ལི་ཐང་རྫོང་རྩོམ་པ་པོ་མཐུན་ཚོགས་དབུ་བརྙེས་པའི་མིང་རྟགས་གནང་བ་དང་། བོད་ཁུལ་གྱི་མིང་གྲགས་ཅན་གྱི་གླུ་པ་གླུ་མ་དག་གི་གླུ་གཞས་དགོང་ཚོགས། ལི་ཐང་བརྒྱད་པའི་རྟ་རྒྱུག་ཆེན་མོ་སོགས་ཀྱི་རིག་རྩལ་རྣམ་གྲངས་འདུས་ཡོད་པ་རེད།

    རིག་འཛིན་སྐྱེས་བུ་ཆེན་པོ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་ཐུགས་ཀྱི་བུམ་བཟང་ལས་བརྡོལ་བའི་མགུར་གླུའི་ཤོ་ལོ་ཀ་རེ་རེ་གངས་རིའི་འདབས་དང་རྩྭ་ཐང་གི་གཞུང་ནས་ཆས་ཏེ། མཐོ་བ་བྲག་རིའི་རྩེ་མོ་དང་དམའ་བ་རྒྱ་མཚོའི་འཇིངས་སུ་ཁྱབ་པས་མ་ཚད། ཨེ་ཤ་ཡའི་གླིང་དང་གླིང་ཕྲན་བརྒལ་ནས་འཛམ་གླིང་ཤར་ལྷོ་ནུབ་བྱང་གི་ཡུལ་གྲུ་སོ་སོར་རླུང་ལྟར་ཁྱབ་ཅིང་ཆར་ལྟར་འབབ། འདི་ནི་ཚད་མའི་སྐྱེས་བུ་ཆེན་པོ་ཞིག་གི་ཤུལ་བཞག་ནོར་བུ་རིན་པོ་ཆེ་འོད་འབར་མ་ཞིག་དུས་རབས་ཀྱི་བར་མཚམས་འདི་ནས་འཛམ་གླིང་སྒང་ན་འོད་ཀྱིས་འཚེར་ཚེ་མི་རིགས་གང་མང་གིས་བདག་གཅེས་དང་དོ་ཁུར་གནང་བཞིན་ཡོད་པ་དེའོ།།



  • ལེ་ཚན་སྔོན་མ།:ལས་ལམ་གསར་གཏོད་བྱས་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད།
  • ལེ་ཚན་རྗེས་མ།:ཀོང་ཀྲོའུ་ནས་འདབ་པའི་བར་གནམ་གྲུར་བསྡད་ཆོག
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10