ཟླ་དྲུག་པར་གྱེས་པ།

ཀོ་གྲུ།        2018-08-03

   ཟླ་དྲུག་པ་ཚེས་ན་ངས་འཆར་གཞི་དང་ལས་སྐལ་མང་པོ་ཞིག་ལ་གདོང་གཏུག་རྒྱག་དགོས་པ་ལར་ནས་དྲན་མ་མྱོང་བ་ནི། དུས་ཚོད་ཀྱིས་རྗེས་སུ་བཞག་པའི་འཇིག་རྟེན་འདིའི་བྱ་དངོས་དང་གནས་ལུགས་ཡོད་ཚད་ཀྱིས་རང་ཉིད་བསླུས་པས་ཡིན་ལས་ཆེ། ད་བར་འུར་ཟིང་དང་བྲེལ་ཚུབ་ཆེ་བའི་ཟླ་བ་ཞིག་ཚེས་ཟིན། ཚང་མས་བཤད་ན་འདི་ནི་ཟླ་བདུན་པ་རེད་ཟེར། ངས་ཀྱང་ཟླ་བདུན་པའི་སྐྱེ་འགྲོ་གཞན་དག་ཇི་བཞིན་འདུ་འཛི་ཆེ་བའི་མིའི་རིགས་ཀྱི་ལམ་ཕྲན་དུ་འཚང་ཁ་བྱེད་གྱིན་ཡོད།

    ད་བར་ང་རང་ཕ་ཡུལ་དང་ཅུང་རྒྱང་དུ་གྱེས་པའི་ས་ཆ་ཞིག་ན་ཡོད། ས་ཆ་འདི་ནི་ཁམས་ཕྱོགས་ལ་མཚོན་ན་སྔོན་ནས་ད་ལྟའི་བར་ཚོང་ལས་ཀྱི་འགྲོ་འོང་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། བཤད་སྲོལ་དུ་ལོ་བཅུ་ཕྲག་འགའི་སྔོན་དུ་གནས་འདིར་མི་རིགས་གཞན་གྱི་གཞིས་ཆགས་ཚོང་བ་ཉུང་ལ། ས་ཁོངས་སྤྱོད་དབང་ཡང་ཅུང་ཆུང་བ་འདྲ། འོན་ཀྱང་ད་བར་ས་འདི་ནས་ཕལ་ཆེར་བོད་རིགས་ཀྱི་དྲི་མ་ཙམ་ཡང་རོལ་མྱོང་བྱེད་དཀའ་བར་སྣང་། ལྷག་པར་རང་ཉིད་གནས་འདིར་བསྡད་པའི་མི་ལོ་གཉིས་ཀྱི་ནང་གནམ་ས་བླ་འོག་བསྒྱུར་འདྲའི་འགྱུར་ལྡོག་འབྱུང་གི་འདུག འདི་ནི་མི་བུ་སྒེར་ཚུགས་ཅན་ཞིག་ལ་མཚོན་ན་རང་ཉིད་ཀྱི་ཚེ་སྲོག་ཚར་བ་ལས་ཀྱང་ཉེན་ཁ་ཆེ་བར་སྣང་།

    ཟླ་དྲུག་པ་ཚེས་ན་རྩི་ཤིང་དང་མེ་ཏོག རང་བྱུང་གི་ཁོར་ཡུག་ཐམས་ཅད་ལ་ལྷན་སྐྱེས་ངང་ལྗང་མདོག་གི་ཚོན་མདངས་བཀྲ་ལ། གསར་དུ་རྨི་ལམ་རྨིས་དེ་འཛུམ་མདངས་ངོམ་པ་ལས། ཟླ་དྲུག་པ་ཚེས་ན་མེ་ཏོག་ཅིག་གི་དབྱར་ཁ་མཇུག་རྫོགས་ཏེ་ལོ་འདབ་འཐོར་བ་མཐོང་ཐེངས་དང་པོ་ཡིན། སློབ་གྲྭའི་དགེ་སློབ་ཚོས་དེ་ལ་མཐར་ཕྱིན་མེ་ཏོག་ཅེས་འབོད་ཀྱིན་གདའ། ང་ལར་ནས་ཡིད་མ་ཆེས་པས་སྐད་ཆ་ག་ཚོད་ཅིག་ཨུ་ཚུགས་ཀྱིས་བཤད་པའང་དྲན་པར་དཀའ། ད་བར་ཟླ་བདུན་པ་ཚེས་ཟིན། དེ་ནི་ང་ལ་མཚོན་ན་ཆེས་རོལ་མྱོང་དཀའ་བའི་དུས་ཚོད་ཅིག་གི་ལོ་རྒྱུས་ཡིན་པ་གཞི་ནས་རྟོགས། ཟླ་དྲུག་པའི་མཐར་ཕྱིན་མེ་ཏོག་བསྐམས་པ་དང་བསྟུན་ཉེ་འཁོར་གྱི་མི་བུ་མང་པོ་ཞིག་ཀྱང་གར་སོང་ཆ་མེད་དུ་གྱུར་ཟིན། འདི་ནི་ངར་མཚོན་ན་ཆེས་རོལ་བར་དཀའ་བའི་འཚོ་བ་ཞིག་གི་དབུ་ཁྱུད་ཡིན་པའང་ཤེས།

    འཇིག་རྟེན་ན་ད་དུང་ང་དང་འདྲ་བའི་མི་ག་ཚོད་ཅིག་ཡོད་དམ། ཁོ་ཚོས་འདས་སོང་གི་དུས་ཚོད་མང་པོ་ཞིག་ལ་ཕྱིར་མིག་བལྟས་ཏེ་ཞེ་འགྱོད་བྱེད་མྱོང་ངམ། ངས་མཚམས་མཚམས་སུ་མི་མང་པོ་ཞིག་གི་ཆེད་དུ་སྨྲེ་ངག་འདོན་མྱོང་། རྒྱུ་མཚན་མི་མང་པོ་ཞིག་འཇིག་རྟེན་དུ་གསོན་པ་ནི་རང་ཉིད་གཅིག་པུའི་དོན་ག་ལ་ཡིན། ལྷག་པར་སྐད་ཆ་འདི་འདྲར་མི་དགའ་བའི་མི་བུ་དག་གི་ཁ་གཏད་དུ་ལངས་ནས་རང་ཉིད་ཀྱི་བདེན་པ་མང་པོ་ཞིག་ར་སྤྲོད་བྱེད་ན་བསམ་བྱུང་། དམིགས་ཀྱིས་བཤད་ན་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་མི་རིགས་སློབ་གསོའི་ལས་དོན་ལ་རྨ་ཁ་བཟོ་བཞིན་པའི་མི་དག་གསོད་ན་འདོད་བྱུང་།

   མདོར་ན་ཟླ་དྲུག་པ་ནི་གོ་རིམ་གང་ཡང་མེད་པའི་འཚོ་བ་ཞིག་ཡིན་པས་ད་བར་ཕྱིར་འདང་ཅི་ལྟར་བརྒྱབ་རུང་ལས་ཀྱི་བཀའ་ཆད་ཙམ་ལས་ཅི་ཡང་མིན་པ་ཚོར།


  • ལེ་ཚན་སྔོན་མ།:ཏང་གི་ཉི་འོད་ཕ་ཡུལ་གྱི་རི་ལུང་དང་མི་ཚོའི་ངོ་གདོང་ལ་ཕོག་པ།
  • ལེ་ཚན་རྗེས་མ།:འཆམ་མཐུན་གྱི་རྩེ་གཞུང་།