ལས་ལམ་གསར་གཏོད་བྱས་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད།

དབྱངས་ཅན་གྱིས་བྲིས།        2018-08-03

   ཡུལ་གཞན་དུ་ལས་ལམ་གསར་གཏོད་ཀྱིས་ཕྱུག་འགྱུར་ལམ་བུ་འཚོལ།

   སུའུ་ཡོན་ཆིན་ཚང་ནི་སྔོན་མར་ལྕགས་ཟམ་རྫོང་བུམ་པ་ཤང་བྱེ་ཁུག་གྲོང་སྡེའི་ནང་གཞིས་ཆགས་ནས་ཡོད་ཅིང་། རྫ་གཡམ་བཀབ་པའི་ཐོག་བརྩེགས་གཉིས་ཅན་གྱི་སྡོད་ཁང་གི་མཐའ་སྐོར་གྱི་ས་ཞིང་ནང་ལོ་ཏོག་འདེབས་པར་བརྟེན་ནས་མི་ཚེ་མི་རབས་ལ་འཚོ་བ་རོལ་བ་རེད།སུའུ་ཡོན་ཆིན་དམའ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་ཁྱིམ་དུ་ཕྱིར་ལོག་ནས་བྱ་དང་རི་བོང་གསོ་བར་མ་ཟད། དུས་རྒྱུན་རྩྭ་སྨན་བཏུས་ནས་ཁྱིམ་སྤྱོད་མཁོ་ཆས་ཉོས་པ་རེད།

    2007ལོའི་ལོ་མཇུག་ཏུ་ལྕགས་ཟམ་རྫོང་གི་གློག་འདོན་ས་ཚུགས་འཛུགས་སྐྲུན་བྱེད་འགོ་བཙུགས་ནས། ལྕགས་ཟམ་རྫོང་གི་གློག་འདོན་ས་ཚུགས་ཀྱི་གནས་ཡུལ་སྤོས་ནས་གནས་སྤོ་ཡུལ་མིའི་དུད་ཚང1231གི་མི་གྲངས4515བཀོད་སྒྲིག་བྱས་སྟབས། སུའུ་ཡོན་ཆིན་སོགས་ཡུལ་མི་ཚང་མ་གློག་འདོན་ས་ཚུགས་ཀྱི་གནས་སྤོ་ཡུལ་མིར་གྱུར་པ་རེད།

    2013ལོར།ལྕགས་ཟམ་རྫོང་གི་གློག་འདོན་ས་ཚུགས་ཀྱིས་ཡུལ་མི་གནས་སྤོའི་ལས་ཀ་ཡོངས་སུ་སྤེལ་འགོ་འཛུགས་སྐབས། བྱེ་ཁུག་གྲོང་སྡེར་ས་ཞིང་འདང་ངེས་བཀོད་སྒྲིག་བྱ་རྒྱུ་མེད་ནས་རང་རེའི་གྲོང་སྡེ་དང་ཚོ་ཆུང་དུ་བཀོད་སྒྲིག་བྱས་ན་སུའུ་ཡོན་ཆིན་ཕྱིན་ཆད་ཀྱི་འཚོ་བའི་དགོས་མཁོ་སྐོང་མི་ནུས་པ་རེད། དེར་བརྟེན་སུའུ་ཡོན་ཆིན་གྱིས་སེམས་ཐག་ཆོད་པའི་སྒོས་རང་ཉིད་ཀྱི་འགྲོ་ལམ་རང་གིས་བཙལ་བ་རེད།

   སུའུ་ཡོན་ཆིན་ལ་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཀྱི་ཁ་གསབ་རོགས་སྒོར་ཁྲི4ཡོད་པའི་ཐོག གནས་སྤོ་ཡུལ་མིའི་ཁ་གསབ་རོགས་དངུལ་མི་རེར་སྒོར300ཡོད་པ་དང་།2013ལོ་ནས2017ལོའི་ཟླ་བ12པའི་བར་ཁྱིམ་མི་མི་རེར་ལག་དངུལ་སྒོར16500ཐོབ་ནས་བསྡོམས་པས་སྒོར་ཁྲི10ཐོབ་ཡོད་པ་རེད།

   རིག་གནས་ཡོད་པའི་ཞིང་པ་ཞིག་ལ་མཚོན་ན་སུའུ་ཡོན་ཆིན་གྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཞིང་ལས་སྒྲ་བརྙན་བརྒྱུད་ལམ་ཐོག་གི་ཕྱུག་འགྱུར་གྱི་ལེ་ཚན་ལ་ཧ་ཅང་ལྟ་སྙིང་སྤྲོ་བ་རེད། ཕྱུག་འགྱུར་ལེ་ཚན་ནང་གི་ཐོན་ལས་ལ་བརྟེན་ནས་ཕྱུག་པོར་ཆགས་པའི་མྱོང་ཚོར་དེ་དག་གིས་མོ་རང་གི་བློ་སྒོ་འབྱེད། མོ་དང་ཁྱོ་ག་སུང་ཝན་ཀང་གཉིས་ཀྱིས་མ་དངུལ་སྒོར་ཁྲི10དེ་གནད་འགག་ཆེ་སར་བེད་སྤྱོད་གཏང་རྒྱུའི་གྲོས་ཐག་བཅད། དེ་ནས་བཟའ་ཟླ་གཉིས་ཡུལ་གཞན་དུ་ཕྱུག་འགྱུར་གྱི་ལས་གཞི་འོས་འཚམ་གང་ཡོད་པར་བརྟག་ཞིབ་བྱེད་སར་ཕྱིན། ཡུལ་དངོས་སུ་བརྟག་ཞིབ་བྱས་པར་བརྒྱུད། ཞིན་ལུང་གྲོང་རྡལ་སྒར་ཚུགས་གྲོང་སྡེའི་དུད་ཚང་ཉུང་ལ། ཆ་སྙོམས་མཚོ་འཕགས་སྨི1800ལྷག་ལས་མེད་པ་དང་། ཆར་ཆུ་འབེལ་བ་དང་གནམ་གཤིས་ཀྱི་བཞའ་ཚན་ཆེ་བས་ནགས་རྣ་ཐོན་སྐྱེད་བྱེད་ས་འཚམ་པར་མ་ཟད། ནགས་རྣའི་བྲོ་བ་ཞིམ་པ་དང་ཚོང་རའི་མདུན་ལྗོངས་ཧ་ཅང་ཡག་པའི་གནས་ཚུལ་མཐོང་ཐོས་བྱུང་རྗེས། བཟའ་ཟླ་གཉིས་ཀྱིས་དེ་མ་ཐག་ཏུ་གྲོས་ཐག་བཅད་དེ་ཏག་ཏག་ཉོ་སྒྲུབ་བྱས་པའི་སྡོད་ཁང་གསར་པ་དེ་གཏའ་མ་བཞག་ནས་དངུལ་ཁང་ནས་སྒོར་ཁྲི40དངུལ་བུན་ལེན་པའི་ཐོག གཉེན་ཉེ་དང་གྲོགས་པོའི་ལག་ནས་སྒོར་ཁྲི32ལྷག་གཡར་ནས་ནགས་རྣའི་རྟེན་གཞི་བསྐྲུན། ནགས་རྣའི་རྟེན་གཞི་དེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་ཆེད། སུའུ་ཡོན་ཆིན་གྱིས་ཞིང་པའི་ལག་ནས་ས་ཞིང་མུའུ་རེར་སྒོར300བྱས་ནས་ས་ཞིང་མུའུ43བཤུག་གླ་བྱས་པ་རེད།

དེ་དང་ཆབས་ཅིག ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་གནང་ནས་རྒྱུ་ཆ་བེ་ཤིང་གི་གནད་དོན་ཐག་གཅོད་བྱས། སུའུ་ཡོན་ཆིན་གྱིས་ཡུལ་དེའི་ནགས་རྣ་འཛུགས་པར་ཉམས་མྱོང་ཕུན་སུན་ཚོགས་པ་ཡོད་པའི་དགེ་རྒན་གདན་འདྲེན་ཞུས་ནས་ལག་རྩལ་ཁྲིད་སྟོན་བྱ་རྒྱུ་དང་། ཡུལ་དེའི་ཞིང་དུད་ཀྱིས་ལས་བཟོ་པ་དག་ལ་བེ་ཤིང་གྲ་སྒྲིག་བྱེད་དུ་བཅུག ལས་བཟོ་པ་ཚོས་དུས་ཡུན་ཟླ་བ་གཅིག་ལྷག་འགོར་ནས་རིང་ཚད་སྨི1.2ཡོད་པའི་བེ་ཤིང་གྲ་སྒྲིག་བྱས་པར་མ་ཟད། བེ་ཤིང་གི་སྟེང་དུ་གྲ་སྟར་འགྲིག་པའི་ཁུང་བུ་ཕུག་ནས་ནགས་རྣའི་ས་བོན་རེ་རེ་བཞིན་ཁུང་བུ་ཆུང་ཆུང་དེའི་ནང་དུ་འཇོག་རྗེས། མ་རྨོས་ལོ་ཏོག་གི་རྩྭ་ཕྲན་གྱིས་ནགས་རྣའི་ས་བོན་འཇོག་སའི་ཁུང་བུ་དེའི་ཁ་སྦྱར་བ་རེད།

    ནགས་རྣའི་ས་བོན་ཁུང་བུའི་ནང་འཇོག་རྒྱུ་དང་ཁུང་བུའི་ཁ་སྦྱར་བའི་ལས་ཀ་མགྱོགས་མྱུར་དུ་འགྲུབ་ཐུབ་པའི་ཆེད་དུ། སུའུ་ཡོན་ཆིན་གྱིས་ས་བོན་མཉམ་སྦོལ་བྱས་ཟིན་པའི་ནགས་རྣའི་ས་བོན་དེ་བཙག་སྦུག་འདྲ་བའི་ལས་ཆས་ཤིག་ཏུ་བཞག་རྗེས་བུ་ག་ཆུང་ཆུང་དེར་གཏད་ནས་ཡང་དུ་ཤིང་ཐུར་ཆུང་ཆུང་ཞིག་གིས་མར་གནོན་ཏེ་མགྱོགས་མྱུར་ཁོད་སྙོམས་པོར་བྱས་ནས་བུ་ག་ཆུང་ཆུང་དེ་བཞག་ཐུབ་པ་བྱུང་ནས་ལས་ཆོད་མཐོ་རུ་ཕྱིན་པ་རེད།

   ཐབས་ཤེས་དེ་ངོ་མ་ཡག་འདུག ལས་ཆོད་མཐོ་རུ་ཕྱིན་པར་མ་ཟད་ང་ཚོའི་ཡོང་འབབ་ཀྱང་འཕར་ཐུབ་པ་རེད། སྔོན་མར་ཉིན་རེར་སྒོར150ལས་རག་མི་ཐུབ། ད་ལྟར་ཉིན་རེར་སྒོར200རག་ཐུབ་པ་རེད་ཅེས་ཨར་ལས་རྒྱག་བཞིན་པའི་ཅུས་དབྱིང་ཧུའེ་ཡིས་ཚོར་སྣང་ཟབ་མོ་ཡོད་པའི་ངང་ནས་དེ་ལྟར་བཤད།

   བསམ་དོན་དངོས་སུ་གྲུབ་ནས་ལོ་རེར་སྒོར་ཁྲི་བརྒྱ་ཡི་ཕན་འབྲས་མངོན་འགྱུར་བྱུང་།

   ནགས་རྣ་ཡག་པོ་སྐྱེ་དགོས་ན་གཙོ་བོ་ཆུའི་འདུས་ཚད་ལ་སྲུང་འཛིན་བྱ་དགོས་ཀྱི་རེད། ནགས་རྣ་འཛུགས་སའི་བེ་ཤིང་ཁྲི7ལྷག་དེར་གལ་སྲིད་མིའི་ཐབས་ཀྱིས་ཆུ་འདྲེན་དགོས་ན་ལས་ཀ་འགྲུབ་རྒྱུ་དཀའ་བར་བརྟེན། ཁོ་ཚོས་ཆུ་དོན་སྡེ་ཁག་ལ་འབྲེལ་ཡོད་སྲིད་ཇུས་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བཏོན་པ་རེད།

    ལྕགས་ཟམ་རྫོང་ཆུ་དོན་ཅུས་ཀྱིས་རིན་པ་མི་དགོས་ནས་ཆུ་འདྲེན་ལྕགས་མདོང་སྨི5000བྱིན་པ་དང་། ཞིང་འབྲོག་སྡེ་ཁག་གིས་ད་དུང་རིན་པ་མི་དགོས་ནས་ཉི་གློག་གི་འབུ་གསོད་གློག་ཞུ4མཁོ་སྤྲོད་བྱས། སུང་ཝན་ཀང་གིས་ངོ་སྤྲོད་བྱ་རྒྱུར། རྫོང་ཞིང་འབྲོག་ཚན་རྩལ་ཅུས་དང་མཁོ་ཚོང་མཉམ་ལས་ཅུས་ཀྱི་འབྲེལ་ཡོད་མི་སྣས་བརྟག་དཔྱད་ཞིབ་འཇུག་བྱས་པར་བརྒྱུད། སྔོན་རྗེས་སུ་སྔོན་དུ་ཉོ་སྒྲུབ་དང་རྗེས་སུ་གསབ་སྣོན་བྱེད་པའི་བྱེད་སྟངས་སྤྱད་ནས་རིན་གོང་སྒོར་ཁྲི5རི་བའི་སྲོ་སྐམ་སྒྲིག་ཆས་བྱིན་སྟབས།གནམ་གཤིས་མི་ལེགས་པའི་རྐྱེན་གྱིས་དུས་ཐོག་ཏུ་ནགས་རྣ་ཉི་སྐམ་གཏོང་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་པ་རེད།

   2016ལོའི་ལོ་སྨད་དུ་གྲ་སྒྲིག་བྱས་ནས2017ལོའི་ཟླ་བ3པའི་མཇུག་ཏུ་ནགས་རྣའི་རྟེན་གཞི་བསྐྲུན་ཐུབ་པ་རེད།

   སྐྱེ་འཕེལ་ལེགས་པའི་ནགས་རྣ་དེ་དག་ལ་བལྟས་ཏེ་བཟའ་མི་གཉིས་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས། ཟླ་བ4པའི་ཟླ་མཇུག་ཏུ་སླེབས་སྐབས། བཟའ་མི་གཉིས་ཀྱིས་ཚན་པ་དང་པོའི་ནགས་རྣ་རྒྱ་མ400ལྷག་ཐོན་འབབ་བྱུང་ནས་སྐམ་པོ་བྱས་རྗེས་བརྒྱ་མ10ལྷག་ཡོད་པ་རེད། དེ་ནས་ཚན་པ་གཉིས་པ་དང་གསུམ་པ་སོགས་ལའང་ཐོན་འབབ་ཡག་པོ་བྱུང་ཡོད་པ་རེད།

   འབོ་ཞབས་གྲོང་སྡེའི་ཨར་ལས་རྒྱག་ཡུལ་ཚོང་དཔོན་གྱིས་ཉོ་སྒྲུབ་བྱེད་ཐེངས་གཅིག་ལ་ནགས་རྣ་སྐམ་པོ་རྒྱ་མ100མངག་ཉོ་བྱས་པས་སུའུ་ཡོན་ཆིན་ལ་སྐུལ་མ་ཆེན་པོ་ཐེབས་པ་རེད། 2017ལོར་ནགས་རྣ་སྐམ་པོ་རྒྱ་མ500ལྷག་ལ་ཡོང་འབབ་སྒོར་ཁྲི10ལྷག་རག་ནས་སུའུ་ཡོན་ཆིན་ལ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་ཡིད་ཆེས་དེ་བས་ཁེངས་པ་རེད།

    ད་ལོར་ནགས་རྣ་ཐོན་ལེགས་བྱུང་བའི་དུས་ཡིན།ཟླ་བ་ལྔ་པར་སླེབས་སྐབས་ནགས་རྣ་སྐམ་པོ་བརྒྱ་མ800ལྷག་ཐོན་འབབ་བྱུང་ཡོད། སྔོན་དཔག་བྱས་ན་ནགས་རྣ་སྐམ་པོ་རྒྱ་མ6000ལྷག་ཐོན་འབབ་བྱུང་ནས་ཡོང་འབབ་སྒོར་ཁྲི120ཡན་མན་རག་ཐུབ་རྒྱུ་རེད། ལོ་གཉིས་ལ་འབད་བརྩོན་ཧུར་ཐག་བྱས་ནས་གཏོང་འཇོག་བྱས་པའི་མ་རྩ་ཡོངས་རྫོགས་ཚུར་ལེན་ཐུབ་རྒྱུ་རེད་ཅེས་སུའུ་ཡོན་ཆིན་གྱིས་ཡིད་ཆེས་ཡོད་པའི་སྒོ་ནས་དེ་ལྟར་བཤད།། 


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གི་མི་བདུན་འཚེམ་བཟོའི་ཟབ་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་ལི་ཐང་གི་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།