ཏང་གི་ཉི་འོད་ཕ་ཡུལ་གྱི་རི་ལུང་དང་མི་ཚོའི་ངོ་གདོང་ལ་ཕོག་པ།

ཀུན་དགའ་རྒྱ་མཚོ།        2018-08-01

ང་ནི་འབྱོར་མེད་གྲལ་རིམ་གྱི་སྤྱི་ཚོགས་ནས་ཆས་འོང་བའི་ཏང་གི་མི་སྣ་ཞིག་ཡིན།

གངས་རི་དང་སྤང་ཐང་། རྩམ་པ་དང་སློག་པར་འདྲིས་ཤིང་གཤིབ་སྟེ་དཀའ་སྡུག་གང་མང་མྱངས་ནས་ཆས་འོངས་པའི་ཏང་གི་གྲངས་ཉུང་མི་སྣ་ཞིག་ཡིན།

དེ་སྔོན་ངའི་ཁྱིམ་ཚང་གི་ཕ་འདས་པོས་ནམ་ཡང་སྒྱེད་པུའི་ཟུར་ནས་སྒྲ་སྒམ收音机རྙིང་པོ་ཞིག་ནས་ཏང་གི་གནས་ཚུལ་ལ་གཟབ་ནན་གྱིས་ཉན་བཞིན་ང་ཕྱི་མའི་ཡུལ་དུ་སོང་ཚར་རྗེས་ཁྱོད་ཚོའི་མི་རབས་ནས་གཏན་གཏན་ཏང་གི་དྲོ་འཇམ་ལྡན་པའི་ཉི་འོད་ཅིག་འཆར་ངེས་ཞེས་བཤད་བཞིན་སྡོད་པ་ངས་ད་ལྟ་གསལ་བོར་དྲན་བཞིན་འདུག

ངའི་ཕ་ཡུལ་ནི་ཞིང་ལས་དང་འབྲོག་ལས་གཉིས་ཀྱིས་གྲུབ་པ་ཞིག་ཡིན་ལ། ང་དྲུག་ལོའི་དུད་སྒོ་ཁག་ཐེག་སྐབས་ངའི་ཁྱིམ་དུ་ཕྱུགས་ཟོག་ཧ་ཅང་ཉུང་།

ད་དུང་ཞིང་ལའང་རྨི་བཞི་ཙམ་ལས་མེད། འོན་ཀྱང་ཕ་འདས་པོས་ག་དུས་ཡིན་ནའང་རུ་འགེལ་བ་དང་། ཞིང་རྨོ་འདེབས་སྐབས་ཏང་གི་བསྟོད་གླུ་དང་ངའི་ཕ་ཡུལ་གྱི་དམངས་ཁྲོད་གླུང་དབྱངས་སོགས་ཀྱིས་ངའི་ཁྱིམ་མི་ཡོངས་ལ་འཛུམ་མདངས་དང་དགའ་སྤྲོས་ཁེངས་སུ་བཅུག

ང་ནི་སྐབས་དེར་ཅི་ཡང་མི་ཤེས་པའི་བྱིས་པ་ཞིག་ཡིན།

འོན་ཀྱང་ད་ལྟ་ཏང་གིས་དངོས་སུ་སྤྲོས་པའི་བསིལ་འཇམ་གྱི་ཉི་འོད་འདི་དང་དངོས་སུ་མྱོང་བཞིན་ངའི་ཨ་ཕ་འདས་པོས་བཤད་པའི་གཏམ་རྒྱུད་དང་སྦྱར་ནས་བལྟས་ན་ངའི་ཨ་ཕ་ནི་ངོ་མ་རླབས་ཆེན་གྱི་ཁྱིམ་གཙོ་ཞིག་རེད།

  ཏང་ལ་བཅང་པའི་བརྩེ་སེམས་དང་སྡོང་གྲོགས་ནི་ནོར་འཁྲུལ་མེད་པ་ཞིག་རེད།

   ཏང་གི་བསྟོད་གླུས་མི་སེམས་ལ་འཛུམ་མདངས་རྒྱས་སུ་བཅུག་ལ་མི་ཚེ་ལ་ཕུགས་འདུན་སྨིན་དུ་བཅུག ང་རང་ན་གཞོན་ཞིག་གི་ཆ་ནས་ཏང་གི་བསྟོད་གླུར་ཧ་ཅང་མོས།

བག་ཆགས་ཡང་ཤིན་ཏུ་ཟབ།

  ངའི་ཕ་ཡུལ་གྱི་གྲོང་གསེབ་ཏུ་ལོ་ངོ་བཞི་བཅུའི་གོང་དང་ད་ལྟའི་དབར་བ་འགྱུར་ལྡོག་གང་མང་བྱུང་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད་དེ། སྡོད་ཁང་དང་གློག་སྒྲོན། གཞུང་ལམ་དང་ཟམ་པ་སོགས་ཀྱིས་འཚོ་བ་སྟབས་ཇེ་བདེ་རུ་སོང་ཡོད་པ་དང་སེམས་ཁམས་ཡང་ཏང་གི་སློབ་གསོ་དང་འགུལ་སྐྱོད་ལས་ཆེས་བརྟན་བརླིང་དང་ཆེས་གཟབ་ནན་དུ་སོང་ཡོད།

  དཔེར་ན་ཏང་གིས་ལག་བསྟར་གནང་བའི་སློབ་གསོ་ཡིས་ངེད་ཅག་གི་སེམས་ཁམས་ཏང་གི་ཕྱོགས་ལ་བརྟན་པོར་སྐྱོད་པ་དང་ཁ་བྲལ་དང་ངོ་རྒོལ་གྱི་ལམ་ཁ་དེ་དང་གཏན་དུ་བྲལ་བ་ཡིན།

 དེ་དང་ཆབས་གཅིག་དངོས་སུ་ལག་བསྟར་གནང་བའི་འཛུགས་སྐྲུན་གྱིས་ཏང་གི་ཉི་འོད་ལ་ཡུན་རིང་སྒུག་པའི་འབྲས་བུ་དངོས་སུ་སྨིན་ཡོད་པས་སྔར་ལས་ལྷག་པར་ཏང་ལ་ཡིད་ཆེས་བརྟན་པོ་བྱས་ཡོད།

 ང་ནི་འབྱོར་མེད་གྲལ་རིམ་གྱི་ཁྱིམ་ཚང་གི་དངོས་ཡོད་འཚོ་བ་དང་ཁ་འབྲལ་མ་མྱོང་བ་ཞིག་ཡིན་པའི་ཆ་ནས་ཕ་ཡུལ་གྱི་ཉེ་བའི་ལོ་ཤས་ནང་གི་འགྱུར་ལྡོག་ཧ་ཅང་གསལ་པོ་ཡིན།

   ཁོར་ཡུག་གི་ཆ་ནས་གཞིགས་ན་ངའི་ཕ་ཡུལ་གྱི་གྲོང་མི་དང་གྲལ་རིམ་མི་སྣ་རྣམས་ཀྱི་ཁོར་ཡུག་གི་རྒྱུན་ཤེས་ཞན་པོ་ཡིན་པ་དང་དེའི་རྐྱེན་པས་ཁོ་ཡུག་ལའང་གཏོར་བརླག་གང་འཚམས་ཐེབས་པ་དེར་ཏང་གིས་ཤིང་ནགས་འདེབས་འཛུགས་གནང་བ་དང་ནགས་ཚལ་སྲུང་སྐྱོང་བགྱིས་པ། ད་དུང་ཁོར་ཡུག་ནང་གི་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་ཤེས་དང་ཡིག་ཆ་ཁྱབ་སྒྲགས་གནང་བས་ད་ལྟའི་ངའི་ཕ་ཡུལ་ནི་མཛེས་སྡུག་རྣམ་པར་ངོམས་པའི་མི་ཡུལ་གྱི་ཆེས་མཐའ་འཇུག་གི་ཞིང་ཁམས་ལྟ་བུར་གྱུར་ཡོད།

   ངའི་ཕ་ཡུལ་གྱི་འབྲོག་པ་རྣམས་ནི་ཕྱུགས་ཟོག་གི་འཚོ་བ་སྐྱོང་བཞིན་ས་ཁུག་ལུང་ཁུག་དང་རྩྭ་ཆུ་གང་བཟང་དུ་རུ་སྤོ་བཞིན་པའི་སར་གཞུང་ལམ་དང་ཟམ་པ་བསྐྲུན་གནང་བར་མ་ཟད། གློག་དང་ཆུ་སོགས་ཀྱང་ཁྲིད་པས་འཚོ་བ་ནི་ཆེས་དགའ་སྐྱིད་ལྡན་པ་ཞིག་ཏུ་གྱུར་ཡོད་པ་དང་། ཏང་གི་འཛུགས་སྐྲུན་གྱི་ཉི་འོད་དལ་གྱིས་ཕ་ཡུལ་གྱི་རི་ལུང་དང་མི་ཚོའི་ངོ་གདོང་ལ་ཕོག་པས་ཡོད་ཚད་སྣུམ་ཤིག་ཤིག་དང་འཛུམ་མུལ་མུལ་དུ་གྱུར་ཡོད།

   མཛེས་སྡུག་དང་མཛའ་མཐུན་གྱིས་ཡོངས་སུ་སྦྲེལ་བའི་ངའི་ཕ་ཡུལ་གྱི་མི་ཚོགས་དང་ཁོར་ཡུག མི་ལ་ལོ་རྒྱུས་ལྡན་ལ་ཁོར་ཡུག་ལ་གཏམ་རྒྱུད་རིང་།

   དུས་རབས་བདུན་པར་རྒྱ་གཟའ་ཀོང་ཇོའི་གཏམ་རྒྱུད་ནི་ད་ལྟའི་སྐབས་ངའི་ཕ་ཡུལ་གྱི་མི་རྣམས་ཀྱི་སེམས་སུ་ཟུག་ཡོད་ལ། ཁོར་ཡུག་གི་ངོས་སུ་བརྐོས་ཡོད།

   ཁོར་ཡུག་ལས་མཆེད་པའི་སྙན་གྲགས་ཀྱིས་རྒྱ་བོད་ཀྱི་ལོ་རྒྱུས་མཛེས་པར་བྱས་ཡོད་པ་དང་མི་རིགས་ཀྱི་མཐུན་སྒྲིལ་དང་མཛའ་མཐུན་དམ་པར་བཟོས་ཡོད།

   ད་དུང་མགར་སྟོང་བཙན་གྱི་དཔའ་སྙིང་དང་ངར་ཤུགས་ཀྱིས་གོང་མའི་བཀའ་ལུང་ལ་སྡོང་གྲོགས་བྱས་ཡོད་པ་དང་། དེ་ལས་ཀྱང་རྒྱ་གཟའི་འཆོར་སྒེགས་དང་ཆགས་ཉམས། སྟོང་བཙན་གྱི་དཔའ་སྙིང་དང་ངར་ཤུགས་གཉིས་ལས་ཐང་བོད་ཀྱི་ཡུན་རིང་སྲ་བརྟན་གྱི་བརྩེ་དུང་མཚོན་ཡོད་ལ། མུ་མཐུད་མཛའ་འབྲེལ་གྱི་ལོ་རྒྱུས་ཀྱང་དཔང་ངོ་།

   མདོར་ན་ད་ལྟའི་བར་གྱི་ངའི་ཕ་ཡུལ་གྱི་ངོ་ལོ་བཞི་བཅུའི་འགྱུར་ལྡོག་ནི་ངའི་ཨ་ཕ་འདས་པོས་སྒྲ་སྒམ收音机ལས་རྒྱུན་དུ་ཉན་བཞིན་བཤད་བཞིན་པའི་གོ་རིམ་དང་གཅིག་མཚུངས་ཡིན་ལ། ཨ་ཕ་འདས་པོས་ཏང་གི་ཉི་འོད་ལ་བཅོལ་བའི་འཕྲིན་ལས་དེ་ད་ལྟའི་བུ་ཕྲུག་ངའི་མིག་དང་ལུས་ལ་དངོས་སུ་ཕོག་ཅིང་དངོས་ཡོད་ལོ་རྒྱུས་སུ་གྲུབ།


  • ལེ་ཚན་སྔོན་མ།:ཕ་སེམས་འཁོར་སའི་བུ་ཆུང་།
  • ལེ་ཚན་རྗེས་མ།:ཟླ་དྲུག་པར་གྱེས་པ།