བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ལས་དྲངས།    2018-07-27

   

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

  བཙན་ཡུལ་དུ་རྫ་ཆས་དར་ནས་ལོ་ངོ་ཇི་ཙམ་སོང་ཡོད་ཅེ་ན། ལོ་འགའི་གོང་དུ་རྫ་བཟོ་མཁས་ཅན་བགྲེས་སོང་རྟ་མགྲིན་ལགས་ཀྱི་ངག་ནས་འདི་སྐད་ཅེས་ཐོས་ཏེ། ལོ་དྲུག་བརྒྱ་ལྷག་ཙམ་གྱི་གོང་དུ། གནས་འདིར་བླ་མ་གཏེར་སྟོན་རྩ་ཆེན་ཞིག་གིས་སློབ་མ་མང་པོ་འཁྲིད་ནས་ཕེབས་པ་དང་། ཐོག་མར་རྫ་བུམ་ཞིག་གཏེར་ནས་བཞེས་ཐོག་དེ་ལ་དཔེ་བླངས་ནས་རྫ་ཆས་བཟོ་དགོས་པའི་བཀའ་ལྟར་རྫ་ཆས་བཟོས་ནས་རིམ་བཞིན་རྣམ་གྲངས་མང་དུ་ཕྱིན་པ་དང་། རྫ་གཏེར་བཞེས་པའི་ས་ཆ་དེར་གཏེར་ར་ཞེས་འབོད་པ་དེང་སང་ཡང་མིང་མ་ཉམས་པར་གནས། ད་ལྟ་རྫ་མའི་རྣམ་གྲངས་ཧ་ཅང་མང་ཡང་གཙོ་བོ་ནི་གཤམ་གསལ་ལྟར་ཏེ། ༡.ཁོག་ལྡིར། ༢.མེ་ཁོག ༣.ཁོག་མ། ༤. རྫ་མ། ༥.བསྙལ་ཁོག ༦.པ་རུ། ༧.མཆོད་ཀོང་། ༨.བཞུར་ཀྱོག ༩.ཆུ་བན། ༡༠.ཁུར་གཡམ། ༡༡.བག་གཡང་། ༡༢.ཆང་སྣོད། ༡༣.ཇ་རུ། ༡༤.རྫ་གླིང་། ༡༥.རྫ་ཆོད། དེ་མིན་གཞན་ཡང་རྣམ་གྲངས་ཤིན་ཏུ་མང་ཞིང་གྲངས་རེ་རེ་ལའང་ཆེ་ཆུང་དང་བཟོ་དབྱིབས་ཁྱད་པར་མང་དུ་མཆིས་སོ།།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

 ༡ ལ་མག་ལེན་པ།
 ལ་མག་ཅེས་པ་ནི་བུད་ཤིང་གི་བྱེ་བྲག་ས་དང་རྩྭ་འདྲེས་མ་ཞིག་ཡིན་ཞིང(འདི་ལྷ་སའི་ལ་མག་དང་ཅུང་ཟད་མི་འདྲ)སོ་གཏོང་བ་ཞེས་རྫ་མེ་ལ་བསྲེགས་དུས་མེད་དུ་མི་རུང་བ་ཞིག་ཡིན། དེ་ཡང་ལ་མག་ལྷོ་ངོས་ཀྱི་སྤང་རིའི་རྩེ་མོའམ་གང་ལྟར་ཐག་རིང་ཁོ་ན་ལས་ཐག་ཉེ་ས་ན་ས་བཀོག་མི་ཆོག  དེའི་རྒྱུ་མཚན་ནི་ལ་མག་བཀོག་ཤུལ་གྱི་ས་དེར་ལོ་བཅུ་གཉིས་རིང་རྩྭ་མི་སྐྱེ་ཞེས་ཤོད་སྲོལ་ཡོད་པས་རྩྭ་ཁ་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན།  ལ་མག་བརྐོ་བའི་དུས་ཚོད་ཡག་ཤོས་ནི་དབྱར་མ་སྟོན་གྱི་དུས་ཡིན་ཞིང་ཁྱིམ་ཚང་ཕན་ཚུན་ངལ་རྩོལ་ནུས་ཤུགས་ལག་རོགས་ཀྱིས་ལྷན་དུ་ལ་མག་བཀོག་པར་འགྲོ། དེ་ཡང་ལག་འཇོར་ཞེས་པ་འཇོར་གཞན་དང་བཟོ་དབྱིབས་མི་འདྲ་བ་ཞིག་ཡོད་པ་དེ་གཞུ་ཐེངས་རེར་ལ་མག་རེ་བཀོག་ནས་རང་སར་སྐམ་དུ་བཅུག་ནས་བཞག 
 དེ་ནས་ཉིན་འགའ་སོང་རྗེས་བོང་བུ་དེད་ནས་ལ་མག་ལེན་པར་འགྲོ་བ་དང་། སྤྱིར་བོང་བུ་རེས་ཐེངས་རེར་ལ་མག་སུམ་ཅུ་ཙམ་དབོར་ཐུབ།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

 ༢ ལྕི་བ་ལེན་པ།
 ལྕི་བ་དེ་ཡང་རྫ་མ་མེ་ལ་བསྲེགས་དུས་ལ་མག་དང་ལྷན་དུ་བེད་སྤྱོད་བྱེད་ཅིང་ལྕི་བར་མེ་འབར་བདེ་བ་དང་། ལ་མག་འབར་རྒྱུན་རིང་བའི་ཁྱད་ཆོས་ཡོད། ལྕི་བ་དཀར་ལྕི་ཞེས་དབྱར་ཆར་པས་དག་པའི་ལྕི་བ་དཀར་པོ་དེ་མེ་འབར་ཤོས་ཡིན་པས་ཡག་ཤོས་སུ་བརྩི་བ་དང་། སྟོན་ཁའི་ལྕི་བ་ཁ་མདོག་ཅུང་སེར་བ་དེ་འབྲིང་། དགུན་ཁ་དང་དཔྱིད་ཀའི་ལྕི་བ་ཁ་དོག་ནག་ཅིང་ས་འདྲེས་ཡོད་ཅེས་ཞན་པར་བརྩི། དེས་ན་ལྕི་བ་ལེན་པའི་དུས་ཚོད་ཀྱང་སྟོན་དུ་ཡིན་ཞིང་། ལེན་ས་ནི་སྤང་རིའི་རྩེ་མོའམ་ཡང་ན་འབྲོག་རྭའི་ཉེ་འཁོར་དུ་ཡིན་པས་ཐག་ཧ་ཅང་རིང་ཞིང་མི་ལ་དཀའ་ལས་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། ལྷག་པར་དུ་བོང་བུ་ཤེད་ཆེན་མིན་ན་གྱེན་ལམ་དུ་འཛེགས་མི་ཐུབ་པ་དང་། ཐུར་ལམ་དུ་བབས་མི་ཐུབ་པར་མ་ཟད་རྐང་ལག་ལ་སྐྱོན་ཤོར་བ་དང་རྦབ་འགྲིལ་ཐེབས་པའི་གནས་ཚུལ་ཡང་ཐོན་གྱི་ཡོད་པས་བཙན་ཡུལ་གྱི་ཁྱིམ་དུད་ཚང་མར་བོང་བུ་དར་སོ་ཧ་ཅང་ཆེ།བོང་བུ་ནི་ལ་མག་ལེན་པ་དང་། ལྕི་བ་ལེན་པ། ལོ་ཏོག་དབོར་འདྲེན་བྱེད་པ། རྫ་འཚོང་དུ་འགྲོ་བ་སོགས་གང་སར་དགོས་མཁོ་ཤིན་ཏུ་ཆེ་བས། བོང་བུ་ནི་ཁོ་ཚོའི་ལྟོ་གོས་སྒྲུབ་མཁན་ལག་ཡ་གཅིག་དང་མཚུངས་པར་བརྩིས་ནས་ས་ཕྱོགས་ག་ས་ག་ནས་བོང་བུ་ལེགས་པ་ཉོ་སྒྲུབ་བྱས་ཏེ་ཁྱིམ་ཚང་ཚང་མར་བོང་བུ་བཞི་ལྔ་ཙམ་ཡོད་ཐོག  སྤུས་ཚད་ཀྱང་ཧ་ཅང་ལེགས་པས་གྲྭ་ནང་ཙམ་དུ་མ་ཟད་ལྷོ་ཁའི་ས་ཆ་གང་སར་བཙན་ཡུལ་གྱི་བོང་བུ་ཞེས་སྐད་གྲགས་ཡོད།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

 ༣ རྫ་ས་ལེན་པ།
 རྫ་ས་ནི་རྫ་རྒྱུ་གཙོ་བོ་ཡིན་པས་ས་གང་བྱུང་གིས་གཏན་ནས་མི་འགྲིག་ཅིང་། སོ་ཐུབ་པའི(རྫ་མེ་ལ་བསྲེགས་ཀྱང་མི་གས་པ)ས་ཞིག་ངེས་པར་དུ་དགོས། དེ་ཡང་བཙན་ཡུལ་གྲོང་ཚོའི་ལྷོ་ནུབ་ཏུ་གནས་པའི་བྲག་རི་འབར་བ་སྤུན་བདུན་དང་ཉེ་བའི་རི་ནས་རྫ་ས་ག་ཚོད་བཀོག་བཀོག་ཡོད། སྤྱིར་རྫ་ས་ག་དུས་དགོས་དགོས་ལེན་པ་ལས་དུས་ཚོད་ངེས་གཏན་མེད་ཀྱང་དགུན་གནམ་ཤིན་ཏུ་གྲང་དུས་ས་འཁེངས་ནས་ལེན་ཧ་ཅང་ཁག་པོ་ཡོད། རྫ་ས་བཀོག་རྗེས་ཞིབ་ཞིབ་བཟོས་ཏེ་ཚ་ལུ(ཚའུ་ཡང་ཟེར)ཐེངས་གཉིས་བརྒྱབ་ནས་བོང་བུའམ་མི་གང་རུང་གིས་དབོར་བ། ནང་དུ་སླེབས་རྗེས་སླར་ཡང་ཚ་ལུ་ཐེངས་གཅིག་བརྒྱབ་རྗེས་འདམ་བག་བརྫིས་ནས་རྫ་མ་བཟོ་བཞིན་ཡོད།

 རྫ་གཞི་དང་། མཆུ་ལུང་ཁ་གསུམ་བར་རྫ་ས་ཞིབ་པ་དང་ཅུང་ཧྲོག་པའི་ཁྱད་པར་ཡོད་མོད་ཀྱང་། ལེགས་ཉེས་ཁྱད་པར་སྤུ་ཙམ་ཡང་མེད་དོ། རྫ་སའི་ཁ་དོག་ནི་ཅུང་སེར་པོ་ཞིག་ཡོད་ཀྱང་བལ་ས་ཞེས་བལ་བཀྲུས་རྗེས་ཚི་དག་ཐབས་བྱེད་པའི་ས་དེ་དང་མི་འདྲའོ།།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

 ༤ རྫ་དངོས་བཟོ་བ།
 རྫ་མ་བཟོས་གོང་རྫ་སའི་འདག་བག་ཧ་ཅང་ནན་པོ་བརྫི་དགོས་ཤིང་། རྫའི་སྤུས་ཚད་ཚེགས་མིན་གཙོ་བོ་ལག་རྩལ་མཐོ་དམན་ཡིན་པ་ཕུད། ད་དུང་འདག་བག་ལའང་རག་ལས་ཀྱི་ཡོད། རྫ་བཟོའི་ལག་ཆ་ནི་སྟབས་ཧ་ཅང་བདེ་པོ་ཞིག་ལས་མེད་དེ། གཙོ་བོ་རྫ་པར་དང་།འཁོར་ལོ། སྨྱུག་ལེབ་བམ་ཤིང་ལེབ་བཅས་གསུམ་ཡིན། དེ་ཡང་ལག་པས་ནན་པོས་བརྫིས་པའི་འདག་བག་རྣམས་རྫ་པར་ལ་གཡོགས་རྗེས་འཁོར་ལོའི་སྟེང་བཞག་ནས་རྐང་པས་འོག་ནས་འཁོར་ལོ་བསྐོར་བ་དང་། ལག་པས་སྟེང་ནས་སྨྱུག་ལེབ་བམ་ཤིང་ལེབ་ཀྱིས་ཆུ་དང་སྡེབ་ནས་འཇམ་ཤ་ལེན་གྱི་ཡོད། རྫའི་མཆུ་ལུང་ཁ་གསུམ་ལ་རྫ་པར་མེད་ཅིང་ལག་པས་གཏོར་མ་འཆའ་བ་བཞིན་བཟོས་ནས་འཇམ་ཤ་བླངས་ན་འགྲིག  རྫ་པར་ཞེས་པ་དེའང་རྫ་མཁན་རང་ཉིད་ཀྱིས་བཟོས་པའི་རྫ་མཐུག་པོ་ཞིག་ཡོད་ཅིང་དེར་ཆེ་ཆུང་སྣ་ཚོགས་ཡོད་ཐོག ལྟ་ནི་ལྕགས་ཁོག་གི་ཞྭ་མོ་དང་འདྲ་ལ་ཁོག་ལྡིར་སོགས་ལ་སྟེང་པར་དང་འོག་པར་ཞེས་གཉིས་ཡོད་པ་པར་རེ་རེ་བརྒྱབ་རྗེས་དཀྱིལ་དུ་སྦྱར། རྫ་བཟོས་ཚར་རྗེས་ཉི་མའམ་མེ་ལ་ཅུང་ཟད་སྐམ་རྗེས་ཡ་ལ(ས་དམར་རྐྱང་ཞིག)བྱུགས་ནས་སླར་ཡང་ཉི་མར་སྐམ། ཡ་ལ་ཞེས་པ་དེ་ནི་བཙན་ཡུལ་གྲོང་ཚོའི་བྱང་ཤར་ངོས་ཀྱི་རི་བོའི་སྟེང་གནས་པའི་དགོན་པ་རི་བོ་རྣམ་རྒྱལ་གྱི་ཉེ་འགྲམ་དུ་ཡོད་པ་ལས་དེ་མིན་གྲྭ་ནང་གི་ས་ཆ་གང་དུའང་སྤུས་ཚད་དེ་འདྲ་མེད་ཟེར། རྒྱུས་མེད་འགའ་ཞིག་གིས་རྫའི་མདོག་དམར་པོ་དེ་མེ་ལ་བསྲེགས་ནས་ཆགས་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དོན་དུ་ཡ་ལ་བྱུགས་རྗེས་དམར་པོ་ཆགས་པ་དང་། རྫ་མེ་ལ་བསྲེགས་རྗེས་དེ་བས་དམར་མདངས་ལེགས་སུ་འགྲོ།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

 རྫ་མ་བཟོ་བའི་དུས་ཚོད་ཡག་ཤོས་ནི་དཔྱིད་དབྱར་སྟོན་གསུམ་ཡིན་པ་དང་དགུན་ཁ་བཟོས་པའི་རྫ་ནི་ཇི་ལྟར་བྱས་ཀྱང་འཁྱགས་ལ་ཤོར་གྱི་ཡོད་པས་དགུན་རྫ་ཞེས་ཞན་པར་བརྩི། རྫ་བའི་ལག་རྩལ་ལེགས་ཉེས་ཀྱི་ཁྱད་པར་ནི། གཙོ་བོ་རྫའི་བཟོ་ལྟ་ལེགས་ཉེས་དང་། རྫ་ཇི་ཙམ་སྲབ་པ་དེ་ཙམ་ལྟོ་འཁོལ་བདེ་བས་རྫ་སྲབ་མཐུག  འཇམ་ཤ་དོད་མིན་བཅས་གསུམ་ཡིན་པ་དང་། རྫ་ཆས་ལའང་རིམ་པ་མཐོ་དམན་ཡོད་པ་ནི་དཔེར་ན། དེ་སྔོན་ལུགས་རྙིང་སྐབས་གསོལ་ལྟིར་ཞེས་དཔོན་པོའི་གསོལ་ཇ་བླུགས་ས་དང་། ཁོག་ལྟིར་ཞེས་སྤྱིར་མི་མང་ཆེ་བའི་ཇ་བླུགས་ས། སྐྱ་ལྡིར(འདི་རྫ་མཁན་གསར་པས་སྦྱང་དུས་བཟོས་པ)ཞེས་སྤྲང་པོའི་ཇ་བླུགས་ས་སོགས་དབྱེ་བ་ཡོད་པ་ལྟ་བུ་ཡིན། ད་དུང་ཁོག་ལྟིར་གྱི་མཆུ་ཏོར་འབྲུག་དང་ཆུ་སྲིན་སོགས་བཀོད་པའི་རྫ་ཆས་དེ་དག་ལག་རྩལ་ཅུང་མཐོ་བའི་རྫ་མཁན་ཚོས་མ་གཏོགས་བཟོ་མི་ཤེས་པ་དང་། གནའ་དུས་བཙན་ཡུལ་གྱི་གཡུ་རྫ་ཧ་ཅང་ཡག་པོ་ཡོད་ཀྱང་དེང་སྐབས་ལག་རྩལ་དེའི་རྒྱུན་ཆད་ནས་བཟོ་མཁན་མེད་པ་དེ་ནི། གཡུ་རྫ་གཅིག་བཟོ་བའི་དུས་ཚོད་ལ་སྤྱིར་བཏང་གི་རྫ་བཅོ་ལྔ་བཟོས་ཚར་གྱི་ཡོད་པ་དང་གཡུ་རྫ་གཅིག་གི་རིན་དང་སྤྱིར་བཏང་གི་རྫ་བདུན་གྱི་རིན་གཅིག་མཚུངས་ཡིན་པས་སྤྱིར་བཏང་གི་རྫ་བཟོས་ན་གཡུ་རྫ་བཟོས་པ་ལས་ཡོང་འབབ་ལྡབ་གཅིག་ལྷག་ཙམ་གྱིས་མང་བས་སོ།།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

 ༥ སོ་གཏོང་བ།
  སྐམ་ཟིན་པའི་རྫ་མ་རྣམས་སོ་ཁུང་ཞེས་རྩིག་པ་སྒོར་སྒོར་རགས་ཙམ་བརྒྱབ་པ་ཞིག་ཡོད་པ་དེའི་ནང་གྲལ་འགྲིག་པོས་འཇོག་པ་དང་། རྫ་རེ་རེའི་བར་ལ་མག་དང་ལྕི་བ་བླུགས་ནས། སླར་ཡང་དེའི་སྟེང་གྲལ་གཅིག་གམ་གཉིས་བརྩིགས་རྗེས་མཐའ་དང་སྟེང་དུ་ལ་མག་གིས་ཡོངས་སུ་བསྟུམས་པ་དང་། འོག་ཏུ་སོ་ཁུང་ཞེས་པའི་ཁུང་ཆུང་ཆུང་ཞིག་ཡོད་པ་དེའི་ནང་ནས་མེ་སྤར་ཏེ་མཚན་གང་གཅིག་འཇོག་དགོས། མཚན་མོ་དེའི་རིང་མེ་འབར་ནའང་མི་འགྲིག་ལ་ཤི་ན་དེ་བས་མི་འགྲིག་པས་དུ་བ་ཁོ་ན་བཏང་ནས་མེ་སྟག་ཆགས་པ་བྱེད་ཀྱི་ཡོད། ཕྱི་ཉིན་ཞོགས་པ་སྔ་མོ་ནས་རྫ་རྣམས་ཚུར་བཏོན་ཏེ་གཡུལ་ཁའི་ནང་གྲལ་སྒྲིག་ནས་བཞག་པ་དང་། དེ་དུས་སྐབས་རེ་རྫ་གྲང་མོ་མ་ཆགས་པར་ལག་པ་ཚིག་གི་ཡོད་ཅིང་། སོ་ཡག་པོ་བྱུང་ཡོད་ན་རྫ་གཅིག་ཀྱང་མི་ཆག་པ་དང་། སོ་ཡག་པོ་བྱུང་མེད་ན་རྫ་བཅུ་གྲངས་ཕན་མི་ཐོགས་པར་མ་ཟད་སྐབས་རེ་རྫ་མ་བཟོས་གྲངས་ཀྱི་ཕྱེད་ཙམ་འཕྲོ་བརླག་ཀྱང་འགྲོ་ཡི་ཡོད།(འགའ་ཞིག་གིས་དེ་ལ་གདོན་སོགས་ཀྱིས་གནོད་པ་བྱུང་བར་བརྩི)དེང་སང་རྫ་ཁ་ཤས་ཐོག་ནས་ཐིག་མང་པོ་ཡོད་པ་དང་རྫ་ཁ་ཤས་ཕྱེད་དམར་ཕྱེད་ནག་ཡོད་པ་དེ་ནི་མེ་ལྕེ་ཚ་པོ་རྒྱུན་རིང་རྫ་དང་ཐུག་ས་དེ་ནག་པོ་ཆགས་ཀྱི་ཡོད། རྫ་ནག་པོ་ཡོད་པ་དེ་ལེགས་པ་མིན་ཞན་པའང་མིན། རྫ་བཟོའི་ལག་རྩལ་ལེགས་ཤིང་སོའང་ཡག་པོ་བྱུང་ན་སོར་རྩེས་རྫ་བརྡུང་དུས་ཟངས་ཀྱི་སྐད་ལྟར་རྒྱག་གི་ཡོད། ཤོད་སྲོལ་ལ་རྫ་མཁན་ལེགས་ཤོས་ཚོས་རང་གི་རྫ་ས་ཆ་གཞན་ལ་འཚོང་བར་འགྲོ་དུས་ཁོག་མ་ཁ་སྦུབས་སློག་ནས་དེའི་སྟེང་ཞབས་བྲོ་རྒྱག་གི་ཡོད་ཟེར།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།


  • ལེ་ཚན་སྔོན་མ།:བོད་ཀྱི་སྦྲ་ནག་གི་རྒྱུ་ཆ་དང་དེའི་ཁྱད་འཕགས་ཀྱི་བཟོ་རྩལ་རིག་གནས།
  • ལེ་ཚན་རྗེས་མ།:གཟི་ལ་བརྟག་པའི་ཐབས་ཤེས་འདི་དག་ཁྱེད་ཀྱིས་ཤེས་སམ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10