སྔོན་མའི་བེད་མེད་ས་རྒོད་ཕྱུག་འགྱུར་གྱི་གཞི་མར་བསྒྱུར།

དབྱངས་ཅན་གྱིས་བསྒྱུར།        2018-07-23

    རག་སྨད་གྲོང་སྡེ་ནི2018ལོར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དགོས་པའི་གྲོང་སྡེ་ཡིན་ཞིང་། གྲོང་སྡེ་ཡོངས་ཀྱི་དུད་ཚང80ཡི་ནང་དུད་ཚང་དབུལ་ཕོངས26ཡོད་པ་རེད། མང་ཚོགས་ཡོང་འཕར་ཕྱུག་འགྱུར་བྱུང་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཡོངས་སུ་ཕུད་ཐུབ་པའི་ཆེད་དུ། ཉེ་བའི་ལོ་ཤས་རིང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཁྲིད་སྟོན་འོག གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཡུལ་བབ་དང་བསྟུན་ནས་གནད་སྨིན་ཇུས་འདོན་བྱས་ནས། ངལ་རྩོལ་མི་ལག་ཕྱིར་གཏོང་བ་དང་། བོད་ཕག་གསོ་སྤེལ་བྱེད་པ། བྱིས་སུ་སྦྲང་འབུ་གསོ་ཚགས་བྱེད་པ་སོགས་ཐུན་མོང་ཐོན་ལས་འཕེལ་རྒྱས་བཏང་ནས།མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མུ་མཐུད་ནས་འཕར་སྣོན་བྱུང་སྟེ་དབུལ་ཕོངས་ཀྱི་རྣམ་པ་རིམ་བཞིན་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག ཞིང་པའི་མཚན་མོའི་སློབ་གྲྭ་དང་གཟའ་ཉི་མའི་བྱེད་སྒོ་སྤེལ་བར་བརྒྱུད། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དབུལ་ཐར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ནང་མཁོ་སྒུལ་ཤུགས་སྔར་བས་ཇེ་དྲག་ཏུ་ཕྱིན་པ་རེད།

   གྲོང་སྡེ་ཡོངས་སུ་རྒྱུན་མཐུད་འཕེལ་རྒྱས་བྱུང་དགོས་ན་ཐོན་ལས་ནི་འགག་རྩ་ཡིན་པ་རེད། གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་དཔུང་སྡེ་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ཚོགས་པས་གནམ་གཤིས་ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས་དེ་བེད་སྤྱོད་བཏང་ནས། གྲོང་སྡེར་བེད་མེད་དུ་བསྐྱུར་བའི་ལ་རྒོད་དུ་སྐྱེ་ཁམས་དཔལ་འབྱོར་གྱི་ཤིང་ནགས་འཕེལ་རྒྱས་གཏང་རྒྱུའི་གྲོས་ཐག་བཅད་པ་འདིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་ལ་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་ཐུབ་ངེས་རེད། ཟླ་བས་སྨྱུག་འཛིན་པར་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ལོ་འགོར་གྲོང་སྡེར་ནགས་བཟོ་མཉམ་ལས་ཁང་བཙུགས་ཏེ་སྐྱེ་ཁམས་ཤིང་ནགས་ཀྱི་རིགས་རྒྱུད་འདེམས་སྒྲུབ་བྱེད་པའི་ལས་ཀར་དཔྱད་ཞིབ་ནན་པོ་བྱས་པ་དང་། ཡུལ་དེའི་གནམ་གཤིས་དང་ས་རྒྱུར་འཕྲོད་ཅིང་། སྐྱེ་ཁམས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀར་ཕན་པའི་སྟར་ཀ་དང་། ཁམ་བུ། གཡེ་མ་བཅས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བའི་འཆར་འགོད་གཏན་འབེབས་བྱས་ནས། སྐྱེ་ཁམས་ཐོན་ལས་དེ་གྲོང་སྡེའི་ཁྱད་ཆོས་ལྡན་པའི་ཐོན་ལས་སུ་གྱུར་པ་རེད།

   ཡུལ་དེ་གའི་མང་ཚོགས་ལ་སྟར་ཀ་འཛུགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཅིང་། སྟར་ཀ་གསོ་སྤེལ་བྱེད་པའི་ལོ་རྒྱུས་རིང་བ་དང་། སྐྱེ་འཕེལ་བྱུང་བའི་སྟར་ཀ་དེ་དག་གི་པགས་པ་སྲབ་ལ་འབྲས་བུ་བཟང་བར་མ་ཟད། བྲོ་བ་ཞིམ་པོ་ཡོད་པས་ཡུལ་དེའི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཡོད་པ་རེད། ཁམ་བུའི་སྡོང་ཕྲུག་གསོ་ཚགས་བྱེད་བདེ་ལ། སྨན་ནང་དུ་འཇུག་ཐུབ་པ་དང་རྒྱང་རིང་དུ་འགྲོ་མི་དགོས་ནས་ཕྱིར་འཚོང་ཐུབ། ཕྱག་ཕྲེང་དུ་འོངས་པའི་འགྲུལ་པ་ཚོས་ཀྱང་ཉོ་དགའ་ཡོད་པ་རེད། གཡེ་མའི་ཐོན་ལས་ནི་ཉེ་འཁོར་ས་ཁུལ་དུ་དཀོན་པའི་ཐོན་ལས་ཡིན་པས། དེའི་ཚོང་ལམ་ཡང་ཡག་པོ་ཡོད་པ་རེད་ཅེས་གྲོང་མིས་བདམས་གསེས་བྱས་པའི་མཉམ་ལས་ཁང་གི་འགན་ཁུར་པ་ཟླ་བས་དེ་ལྟར་བཤད།

   འཆར་འགོད་བྱས་པའི་དཔལ་འབྱོར་གྱི་ཤིང་ནགས་ཡོད་ཚད་རི་འགོར་བཙུགས་ཡོད་པའི་རྐྱེན་གྱིས་ཆུའི་ཐོན་ཁུངས་ནི་འགག་རྩ་ཡིན་ཞིང་། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ག་ས་གར་མ་དངུལ་བརྩོན་ལེན་བྱས་ནས་ལོ་འགོར་ཆུ་གསོག་རྫིང་བུ་ཆུང་གྲས་གསུམ་བསྐྲུན་རྗེས། དེ་མ་ཐག་ཏུ་དཔལ་འབྱོར་ཤིང་ནགས་སྣ་ཚོགས་འདེབས་འཛུགས་བྱས་པར་མ་ཟད། གྲོང་མིས་རེས་སྐོར་ནས་ཆུ་འདྲེན་རྒྱུ་དང་དོ་དམ་སྲུང་སྐྱོང་བྱས་པའི་དུས་མཚུངས་སུ། འདེབས་འཛུགས་ཀྱི་འཆར་འགོད་ལྟར། གྲོང་སྡེར་ལོ་རེར་སྐྱེ་ཁམས་ཤིང་ནགས་མུའུ་བརྒྱ་ཕྲག་འགའ་འཕེལ་རྒྱས་བཏང་ནས། རི་འགོ་ཡོངས་སུ་སྟར་ཀ་དང་ཁམ་བུ།གཡེ་མ་སོགས་བཙུགས་ནས་གྲོང་མིའི་ཡོང་འབབ་འཕར་ཐུབ་པ་དང་ཆབས་ཅིག གྲོང་སྡེའི་རྣམ་པ་གསར་བསྒྱུར་བྱ་རྒྱུ་ཡིན་ཞེས་ཟླ་བས་དེ་ལྟར་བཤད།

    འདེབས་འཛུགས་བྱས་པའི་ཁམ་བུའི་ཤིང་སྡོང་དེ་དག་ལོ་གསུམ་གྱི་རྗེས་སུ་འབྲས་བུ་བཏགས་ཐུབ་པ་དང་། སྟར་ཀ་ནི་ལོ་གཉིས་ཀྱི་རྗེས་སུ་འབྲས་བུ་བཏགས་ཐུབ་པ་རེད། གྲོང་མི་དཔལ་ལྡན་གྱིས་གདོང་ལ་འཛུམ་གྱིས་ཁེངས་ནས། རྗེས་མར་ང་ཚོས་ལྗང་མདོག་འཕེལ་རྒྱས་གཏོང་བ་དང་དབུལ་ཐར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས། སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཁེ་མཉམ་ཕན་ཡོང་བ་དང་། ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་ང་ཚོའི་གྲོང་སྡེའི་མང་ཚོགས་ཕྱུག་འགྱུར་འབྱོང་འབྲིང་གི་ཕྱོགས་སུ་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཡིད་ཆེས་བརྟན་པོའི་ངང་དེ་ལྟར་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཡུལ་དངོས་སུ་ཞིང་ལས་ལག་རྩལ་པར་སྦྱོང་བརྡར་བྱས་ཏེ་འཇོན་ནུས་ཇེ་དྲག་ཏུ་གཏོང་།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་དམངས་ཆེན་འཐུས་མི་སྒྲིག་འཛུགས་བྱས་ཏེ་སློབ་གསོའི་ཐད་བརྟག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།