མེ་ཏོག་སྐོར་ཞིག

གངས་བུ།        2018-07-20

ལྷད་མེད་པའི་ཉི་འོད་ཅིག

ཟླ་བའི་གཙང་བོར་ཕོག་པས།

སྤྲིན་དཀར་གྱི་སྒྲོག་གུ་དཀྲོལ་སོང་།

 

དྭངས་གཙང་གི་ཆར་ཐིགས་དག

འོད་ལམ་ལམ་གྱི་མུ་ཏིག་བཞིན།

ས་གཞི་ཆེན་མོའི་ཕྱག་མཐིལ་དུ་ལྷུང་བྱུང་།

 

སྣུམ་མཚོན་གྱིས་ཁེབས་པའི་གནས་དེར།

སྐྱེས་སྟོབས་ཀྱི་དཔལ་འབར་བའི།

མེ་ཏོག་དང་འདབ་ལོ་སྐོར་ཞིག་འབུས།

བསིལ་རླུང་དང་སྦྲང་ཆར་གྱིས་ཡང་ཡང་བྱབས་ཁྲུས་བྱས།

 

དཀར་དམར་མེ་ཏོག་གི་ཕུང་པོ་དེ་དག

འབྱུང་འགྱུར་གྱི་ལམ་བུ་ཁྲོད།

སྨུག་ལོང་བན་བུན་འཁྲིགས་འོང་།

སད་དང་སེར་བ་འབྱུང་ཡང་།

ནམ་ཡང་ཞུམ་པ་ཅི།

 

ཁྱེད་ཚོ་གཙང་བོ་ཞིག་གི་བཞུར་ཕྱོགས་ཀྱིས།

ཁྱེད་ཚོ་རླུང་བུ་ཞིག་གི་ལྡང་ཕྱོགས་ཀྱིས།

མུ་ནས་མུ་རུ་འཚར་ལོངས་འབྱུང་དགོས།

གསོན་སྟོབས་ཀྱིས་གཟི་འོད་འབར་དགོས།

 

དུས་བཞི་ཡི་རྒྱུ་ཕྱོགས་དང་བསྟུན་ནས།

ལོ་འདབ་དག་རེ་རེ་བཞིན་འཐོར་ངེས་ཀྱང་།

ས་བོན་ལ་ནམ་ཡང་ཉམས་པ་མེད་པས་སོ།


  • ལེ་ཚན་སྔོན་མ།:ལབ་བརྡོལ་ཐོར་བུ།
  • ལེ་ཚན་རྗེས་མ།:བདེ་སྐྱིད།
  • རྩོམ་གསར། 10