གསོལ་འདེབས་མུ་ཏིག་ཕྲེང་མཛེས།

དབྱངས་ཅན་དབང་མོ།        2018-07-20

བདག་ཡིད་མེ་ཏོག་དུས་ཀྱི་ལང་ཚོའི་རྒྱན།།

སངས་རྒྱས་ཀུན་གྱི་སྐྱབས་གནས་རིན་པོ་ཆེ།།

བཀྲ་ཤིས་རེ་ཁཱ་དམ་པའི་མཛད་བཟང་ཅན།།

རྒྱལ་སྲས་བྱང་ཆུབ་གཙུག་གི་སྤྱི་བོའི་བཀུར།།

 

རྣམ་ཀུན་ཡིད་ཀྱི་ཁམས་ན་ཉེར་བསྒོམས་པའི།།

ཤེས་བྱའི་ལང་ཚོ་མཐའ་དག་རྫོགས་པ་ཡི།།

སྒྲ་དབྱངས་ལྷ་མོའི་དངོས་གྲུབ་སྦྲང་ཆར་ཀུན།།

འགྲོ་ཀུན་ཤེས་བྱའི་ཞིང་ལ་ཕབ་ཏུ་གསོལ།།

 

བཅུ་ཕྲག་ཤེས་བྱ་མཛུབ་མོའི་བརྡ་ཐབས་ཀྱིས།།

བློ་དམན་སེམས་ཀྱི་སྨག་རུམ་རབ་འཇོམས་ཤིང་།།

བཀའ་གསུང་ཆོས་ཀྱི་རང་སྒྲ་རྣ་བའི་དཔྱིད།།

མཚུངས་མེད་འདྲེན་མཆོག་བླ་མའི་ཞབས་ལ་འདུད།།

 

འདི་རུ་ལང་ཚོའི་ལ་ལུང་རིམ་བརྒལ་ནས།།

ཤེས་བྱའི་ཕ་མཐའ་ཉུལ་བའི་ཁྱུ་ཚོགས་ལ།།

དོན་གཉིས་འདོད་པ་འཇོ་བའི་དཔག་བསམ་ཤིང་།།

རྣམ་དཔྱོད་རིག་པའི་རྟ་མཆོག་བསྩལ་ཏུ་གསོལ།།

 

རང་བྱུང་ངག་རིག་ལང་ཚོའི་དཔལ་འབར་བ།།

སྨྲ་བའི་རྒྱལ་བོར་ཅོ་འདྲིའི་སྙན་ངག་མཁན།།

དབྱངས་ལྡན་རིག་པ་འཁྱིལ་བའི་ལྷ་མཆོག་གང་།།།

ཤིས་པའི་མེ་ཏོག་འབུམ་གྱི་ངོ་མཚར་སྩོལ།།


  • ལེ་ཚན་སྔོན་མ།:བདག་གི་ཨ་མ་དང་ངེད་གཉིས།
  • ལེ་ཚན་རྗེས་མ།:ལབ་བརྡོལ་ཐོར་བུ།