སྐུ་ཞབས་རང་གྲོལ་རྗེས་སུ་དྲན་པ།

རོལ་སྐུད།        2018-07-20

དོན་གྲུབ་རྒྱལ

སྔ་དྲོ་ཞིག་ལ། ས་སྒང་འདི་རུ།

ཕ་མཐའ་བྲལ་བའི་ཨ་སྔོན་གྱི་དབྱིངས་ནས་རྟག་ཏུ་འཚེར་བའི་སྐར་མ་འོད་ཆེན།

ཁྱེད་ཀྱི་རྣམ་དཔྱོད་ལ་དབུས་མཐའ་བྲལ་བའི་འོད་ཟེར་ལམ་ལམ་དུ་འཁྱུགས།

 

དོན་འགྲུབ་རྒྱལ།

ཁྱེད་ཀྱི་འགྲོ་མའི་རྟོག་འཆར་གྱི་གསེང་ན

བསམ་བློའི་མཚེར་སར་གྱི་ལྗང་ལོ་འཛུམ་དུ་བཅུག

 

དོན་གྲུབ་རྒྱལ།

སྔ་དྲོ་ཞིག་ལ། སྲིད་པའི་རྫ་སྒང་ནས།

སེམས་ཤུགས་ཀྱི་ལྟ་བ་མཐོ་རུ་སྙེགས་པའི་སྐྱེས་ཆེན་རིག་པ་རང་གྲོལ།

ཁྱེད་ཀྱི། རྔམ་བརྗིད་ཀྱི་ལྗགས་ལས་ལེགས་བཤད་ལྷུག་ལྷུག་ཏུ་འབེབས་པ་དྲན་འོང་།

 

དོན་འགྲུབ་རྒྱལ།

སྔ་དྲོ་ཞིག་ལ་གོ་ལའི་ཕང་བ་རུ།

རྒྱ་སྟག་ངར་མ་བཞིན། ནགས་ཚལ་སྟུག་པོའི་ཀློང་ནས།

སེམས་ལ་བཙན་ས་ཐོབ་པའི་ང་རྒྱལ་དང་དཔའ་མཛངས་ཀྱིས་བརྗིད་པ་དྲན་འོང་།

 

ཁྱེད་ཀྱི་ཐོགས་རེག་བྲལ་ཞིང་གཟི་བྱིན་འཕྱུར་བའི་ཤེས་རབ་ཅིག

ང་ཚོའི་མིག་དབང་གི་ཟིན་ཐབས་བྲལ་བའི་འཇིག་རྟེན་དུ་འཕོ་ཉུལ་བྱས།

ཁྱེད་ཀྱི་གླེགས་བམ་རེ་རེའི་བསུང་ཞིམ་ཁྲོད།

འགྲོ་བ་མང་པོའི་ཞེ་སེམས་འབུས་པ་དྲན་འོང་།

 

ཁྱེད་རང་ས་སྒང་གི་སྟེང་དུ་སྨིན་ལེགས་ལྡན་པའི་ལྗོན་པ་ཡིན་ཙ་ན།

ཁྱེད་རང་མི་མཐའ་དག་གི་སེམས་ཁོང་གི་བརླན་ཞིང་གཤེར་བའི་དུས་སུ།

ཁྱེད་རང་གོ་ལའི་ཕང་བ་རུ་རང་བྱུང་གི་སྐྱེད་ཚལ་དུ་འབུས་སྐབས།

ཁྱེད་ཀྱི་ལོ་ཏོག་གི་རྟོགས་བརྗོད་ཀྱང་བཀྲག་མདངས་འཚེར།

 

ཁྱེད་རང་སྲིད་པའི་ས་ཆེན་འདིར་མཛེས་སྡུག་གི་བཀྲ་བའི་མེ་ཏོག་ཡིན་ཙ་ན།

ཁྱེད་རང་སྐྱེ་འགྲོའི་ཡིད་ཁུད་ན་སྙོག་བྲལ་གྱི་འདབ་མ་ཡིན་དུས་སུ།

ཁྱེད་རང་ས་ཆེན་གྱི་སྟེ་བར་ཁ་དོག་སྣུམ་པའི་འཁོར་ཡུག་ཏུ་བཞད་སྐབས།

ཁྱེད་ཀྱི་མེ་ཏོག་གི་རྟོགས་བརྗོད་ཀྱང་བསུང་ཞིམ་ལྡང་།

 

 

ཁྱེད་རང་ས་ཆེན་གྱི་བྲང་གཞུང་ན་དཔའ་སྙིང་ཅན་གྱི་རྒྱ་སྟག་ཡིན་ཙ་ན།

ཁྱེད་ཀྱི་འགྲོ་མའི་སེམས་ཁོང་ན་འཇིགས་པ་མེད་པའི་གཡུ་རལ་བསིག་དུས་སུ།

ཁྱེད་རང་རྫ་སྒང་ནས་ཚང་ཚང་འཁྲིགས་པའི་ནག་ཀླུང་དུ་འགྱིང་སྐབས།

ཁྱེད་ཀྱི་སྙིང་སྟོབས་ཀྱི་རྟོགས་བརྗོད་ཀྱང་དཔའ་མཛངས་ངར་སྐད་ལྡིར།

 

ཀ་ཡེ། རང་གྲོལ།

ཁྱེད་རང་བཞུད་པ་སྔ་དྲགས་སོང་།

དུས་ཚོད་ཀྱི་འཁོར་འགྲོས་མགྱོགས་པས་ཡིན་ནམ།

ཡང་ན་གཟི་བརྗིད་ཀྱི་བསོད་ནམས་མ་བརྟན་པས་ཡིན།

ངས་ཁྱེད་ལ་ལྦུ་ཆང་གིས་སྐྱེལ་ལན་གསུམ་ཞུ། བདེ་བར་བཞུད་ཅིག


  • ལེ་ཚན་སྔོན་མ།:དབྱངས་གསལ་ལ་བརྒྱུས་པའི་ཕྱིར་དྲན།
  • ལེ་ཚན་རྗེས་མ།:ཨ་ཕས་བཙེམས་པའི་སློག་པ།