བདག་གི་ཨ་མ་དང་ངེད་གཉིས།

བསོད་ནམས་ཆོས་མཚོ།        2018-07-18

དབྱར་ཁ་ཡིན་ཡང་ཉིན་དེར་གནམ་གཤིས་ཤིན་ཏུ་འཁྱག་ཅིང་ཉི་འོད་མེད་ལ་སྤྲིན་ནག་འཐིབས་པའི་ཉིན་མོ་ཞིག་ཡིན་ལ་དྲིན་མ་ལོ་སྔ་མོ་ནས་ལངས་ཏེ་འབྲི་མོ་བཞོ་བར་སོང་། ངས་ཤུལ་ནས་མེ་འབུད་བཞིན་བསྡད་པ་ཡིན། སྐབས་དེར་ནམ་མཁའ་ནས་འབྲུག་སྒྲ་ལྡིར་བ་དང་ཆར་བ་ཤག་ཤག་ཏུ་བབས་བྱུང་། ཨ་མ་ད་དུང་ནོར་ཁྱུའི་གྲལ་ནས་ཕྱིར་ཁྱིམ་དུ་སླེབས་མ་སོང་། 

ཡུན་ཙམ་འགོར་པ་ན་ངའི་སེམས་སུ་ཆུ་འགྲམ་དུ་བེའུ་ཆུང་ཆུང་ཞིག་ལུས་འདུག་པ་དྲན། ང་བེའུ་དེ་ལེན་པར་འགྲོ་འདོད་མོད། སྒོ་ཁ་དུ་གློག་དམར་འཁྱུག་པ་དང་ཆར་ཆེན་འབབ་བཞིན་ཡོད་པས། གྱོན་གོས་ཡོངས་སུ་བརླན་འགྲོ་བ་དང་ཨ་མས་སྡིགས་མོ་བྱེད་པར་དོགས་ནས་སྐད་ཅིག་ཐེ་ཚོམ་དུ་གྱུར་ཀྱང་། གལ་ཏེ། བེའུ་དེ་ལེན་དུ་མ་སོང་ན་དེའི་སྡུག་བསྔལ་དེ་སུ་ཡིས་བཟོད་སྙམ་ནས་ངའི་སེམས་སུ་ཐེ་ཚོམ་ཅི་ཡང་མེད་པར་ཆུ་འགྲམ་དུ་བེའུ་དེ་ལེན་དུ་བུད་སོང་། 

ངས་བེའུ་པང་དུ་བླངས་ནས་ཁྱིམ་དུ་སླེབས་པ་ན། ཨ་མ་ད་དུང་ཕྱིར་ཐོན་མེད། སྙིང་རྗེ་ཞིང་འདར་སིག་སིག་བྱེད་བཞིན་པའི་བེའུ་དེ་ཐབ་ཀའི་འགྲམ་བཞག་ནས་མེ་སྔར་ལས་ལྷག་པའི་ཆེན་པོ་ཞིག་བུས། རེ་ཞིག་འགོར་རྗེས་། ཨ་མའི་ལག་ཏུ་བཞོ་ཟེའུ་བཟུང་ནས་ཁྱིམ་དུ་སླེབས་བྱུང་། ངའི་ལུས་ཀྱི་གྱོན་པ་ཡོངས་སུ་ཆར་བས་བརླན་ཡོད་པས་ཨ་མའི་ང་ལ་སྡིགས་པར་དོགས། ཡིན་ནའང་ཨ་མ་ནི་ངའི་ཡར་སྔོན་དུ་སེམས་ལ་ཤར་པའི་སྡིགས་མོ་བྱེད་མཁན་དེ་གཏན་ནས་མ་ཡིན་པར། དེ་ལས་ལྡོག་སྟེ། ངས་བསྒྲུབས་པའི་དོན་དག་དེར་བཟང་བསྟོད་དང་གཅེས་གཅེས་བྱས། 

བེའུ་ཆུང་ཆུང་དེའང་ཡར་ལངས་ཐུབ་བྱུང་། དེ་ནས་ཨ་མ་དང་ངེད་གཉིས་ཀྱི་བེའུ་དེ་ཁྱེར་ནས་བེའུ་རང་གི་ཨ་མའི་འགྲམ་དུ་བཞག་རྗེས་ཕྱིར་ཡོང་། དེའི་སྐབས་སྒོ་ཁ་རུ་ཅི་འདྲའི་གྲང་ངར་ཆེ་བ་ཞིག་འདུག ཡིན་ནའང་། སྦྲ་ནག་གྲུ་བཞི་འདི་ཅི་འདྲའི་དྲོད་སྐྱིད་ལྡན་པ་ཞིག་རེད། དེ་རིང་ནི་དུས་རྒྱུན་དང་བསྡུར་ན་དེ་ལས་ཀྱང་སྐྱིད་པའི་སྣང་བ་ཞིག་ཤར། དེའི་རྒྱུ་མཚན་ང་རང་གིས་བསམ་ན་དྲིན་ཆེན་ཨ་མའི་ང་ལ་བྱམས་བརྩེ་དང་ཐུགས་ཁུར་གནང་བའི་རྐྱེན་ཡིན། དྲིན་ཆེན་ཨ་མའི་བྱམས་བརྩེ་ནི་འཇིག་རྟེན་ན་འགྲན་མཐའ་བྲལ་བའི་དྲོད་སྐྱིད་ཁོ་ན་དེ་རེད།

རྡོ་ར་དཀར་མོ་སློབ་གྲྭའི༦.༤ བསོད་ནམས་ཆོས་མཚོ། 


  • ལེ་ཚན་སྔོན་མ།:བོད་རྗེ་སྲོང་བཙན་སྒམ་པོ་རྗེས་སུ་དྲན་པ།
  • ལེ་ཚན་རྗེས་མ།: གསོལ་འདེབས་མུ་ཏིག་ཕྲེང་མཛེས།
  • རྩོམ་གསར། 10