དབྱངས་གསལ་ལ་བརྒྱུས་པའི་ཕྱིར་དྲན།

ཁྱུང་གཤོག        2018-07-13

  མི་ལོ་ཉི་ཤུ། དབྱངས་གསལ་གྱི་གཤོག་སྣེར་བཏེགས་པའི་རིག་པའི་ས་བོན་ཉི་ཤུ།

  མི་ལོ་ཉི་ཤུ། དཀའ་སྡུག་གི་གོམ་པས་བཞེངས་པའི་རྒྱལ་ཁའི་རྡོ་རིང་ཉི་ཤུ།

  དེ་ནི་ངའི་བྱིས་དུས་ཀྱི་རྨི་ལམ་ལ་འཇའ་ཚོན་འཁྱིལ་བའི་སྟོན་མཇུག་ཅིག་རེད་འདུག ཆར་ཟམ་ཟིམ་གྱི་དབྱངས་འགྲོས་སྙན་མོ་ཞིག་གི་འདེགས་འཇོག་ལས་ཁྱེད་ཀྱི་སྒོ་ཐེམ་གྱི་དྲིལ་ཆུང་དེ་ཐོག་མར་བརྡུངས། དུས་དེ་ནས་བཟུང་། ང་རང་ཡང་ཁྱེད་ཀྱི་པང་ཁུགས་ན་རྩེན་པའི་ཁྱེའུ་མང་དག་ཅིག་དང་ལྷན་དུ། དཀྱེལ་ཡངས་ཞི་འཇམ་གྱི་ནམ་མཁའ་དང་ཞུམ་མེད་དཔའ་མཛངས་ཀྱི་སྙིང་སྟོབས་སྡོང་གྲོགས་སུ་མཛད་ནས། གངས་ཀྱི་ར་བ་འདིར་མི་ལོ་གསུམ་གྱི་འཕུར་ལྡིང་གི་གཤོག་འགྱུ་བྱེད་མགོ་བརྩམས།

  ལང་ཚོའི་གདངས་དབྱངས་སྙན་པའི་འགྱུར་ཁུགས་ཁྲོད། དུས་ཚོད་ཀྱི་མདའ་རྩེ་རེ་རེས་ངེད་ཅག་ལ་ཀ་ཁའི་ཡང་སྙིང་དང་ཕ་གཞིས་ཀྱི་བརྩེ་ཞེན། ད་དུང་གནམ་སྔོན་པོ་དང་ཉི་ཟླ་ཟུང་གི་སེམས་རྒྱ་མ་ལུས་རུམ་ཁར་ཡང་ཡང་བླུགས། མི་ལོ་གསུམ་ནི་དྭངས་གཙང་གི་དུས་ཚིགས་སྟེ། ན་མཉམ་ཚོའི་དགོད་སྒྲ་དང་དཔེ་ཀློག་གི་རྨི་ལམ་ནང་ན་རོལ་དབྱངས་ཀྱིས་སྐྱོར་བའི་ཨ་མྱེས་ཀྱི་གནའ་གཏམ་ཡོད་ལ།བདེན་པ་དང་མཛེས་འཛུམ་གྱིས་བཏེགས་པའི་རྒྱང་རིང་གི་ལམ་སྣེ་ཡོད། མི་ལོ་གསུམ་ནི་བགྲང་བྱ་ཉི་ཤུའི་ནང་གི་རེ་བའི་སྐྱ་རེངས་སྟེ། དགེ་རྒན་དམ་པའི་ཞལ་གསུང་དང་ལྷག་བསམ་གྱི་ཟེར་མ་རེ་རེར་མདུན་སྐྱོད་ཀྱི་ལམ་བུ་དང་ཤེས་རབ་ཀྱི་མེ་ལྕེ་མངའ་ལ། མཚར་སྡུག་དང་འབྲས་བཟང་གིས་བཏུད་པའི་ཕུགས་བསམ་གྱི་རྒྱལ་ཁམས་ཀྱང་ཡོད།

  ལོ་ཟླ་བཞུར་ཤུལ་གྱི་ས་སྲོད་ཀྱི་མཚམས་སྤྲིན་ངོགས་སུ། ཁྱེད་རང་བཞུད་པའི་ཀྱག་ཀྱོག་གི་བགྲོད་ལམ་གསལ་ཞིང་། ཁ་ཆར་དང་གྲང་རླུང་གི་རྩུབ་རེག མི་ཁ་དང་དཀའ་སྡུག་གི་ཁུར་བོ། བློས་མི་དཔོག་པ་འདི་དག་སྨྲ་བསམ་བརྗོད་ཐབས་བྲལ་ཨང་། མི་ལོ་ཉི་ཤུར། ཁྱེད་ཀྱིས་བསམ་དོན་དག་མ་ཞིག་དང་ཕུགས་བསམ་གཙང་མ་ཞིག་ཡིད་ཀྱི་རྩིག་ལྡེབས་ངོས་སུ་བྲིས་ཤིང་། རྡོ་རིང་ཞིག་གི་དྲན་པ་སློང་ཕྱིར་དང་རིགས་རྒྱུད་ཅིག་གི་དར་རྒྱས་ཀྱི་ཆེད། ལམ་གྱི་རིང་ཚད་དུ་འགྲུལ་བཞུད་ཀྱི་གོམ་འགྲོས་འཁྱོར་ཞིང་།སེམས་ཀྱི་ཡང་རྩེ་རུ་རེ་སྙེག་གི་རྟེན་ཕུར་བཙུགས།

  ལས་ཀྱི་བསྐལ་བ་བཟང་པོའི་ཐུགས་སྨོན་གྱིས་ང་དང་ང་ལྟ་བུའི་ཁ་ཕྱོགས་མེད་པའི་གཡོར་གྲུ་དག་ཀྱང་། ཁྱེད་ཀྱི་རིག་བཅུའི་འགྲམ་ངོགས་སུ་བཅར་བའི་བགོ་སྐལ་འགྲིག་སོང་། བགྲང་བྱ་ཉི་ཤུའི་བརྟན་བརླིང་གི་ཞབས་རྗེས་རེ་རེའི་ངོས་སུ། དབྱངས་གསལ་གྱི་བཅུད་ཀྱིས་གཉོར་བའི་ཁྱེའུ་མང་པོའི་འཛུམ་མདངས་དང་གསོན་ཤུགས་མངོན་ཡོད་ལ། བགྲང་བྱ་ཉི་ཤུའི་ལྷག་བསམ་གྱི་འོད་ངོགས་རེ་རེ་ན། སྙན་ངག་དང་འཇའ་ཚོན་གྱིས་བཞེངས་པའི་ལོ་རྒྱུས་ཀྱི་གླེགས་བམ་རེ་རེར་བཀྲག་མདངས་འཚེར།

  ཁྱེད་ཀྱི་ནར་སོན་ནི་ཚེ་སྲོག་གི་ང་རོ་ཡིན། ཁྱེད་ཀྱི་མངའ་ཐང་ནི་འབྱོར་ཕྱུག་གི་བང་མཛོད་ཡིན། ཁྱེད་ཀྱི་འཛུམ་མདངས་ནི་མ་ཡུམ་གྱི་བྱམས་བརྩེ་ལགས།

  ད་ནི་དུས་ཚོད་ཀྱིས་དེད་པའི་ལོ་ཟླའི་འཁོར་འགྲོས་ལས། ཁྱེད་རང་ཡང་མི་ལོ་ཉི་ཤུའི་སྒོ་ཐེམ་འགྲིམ་དགོས་བྱུང་། ལོ་རྒན་ཉི་ཤུར་གངས་དཀར་པོའི་འདབས་རོལ་ལ་གསེར་མདོག་གི་ཡིག་འབྲུ་བཏབ་ནས་ཕྱིན། མཚོ་དྭངས་མོའི་གཡས་གཡོན་ལ་བརྩེ་སེམས་ཀྱི་ཉི་འོད་དྲངས་སྟེ་ཕེབས། མི་ལོ་ཉི་ཤུ་ནི་ཁྱེད་ཀྱི་ནར་སོན་གྱི་གོམ་སྟབས་རེ་རེ་ཡིན་ལ། ལང་ཚོར་གསེར་འོད་འཁྱུག་པའི་ལོ་རྒྱུས་ཀྱི་གླེགས་བམ་ཉི་ཤུའང་ཡིན།

  རྨི་ལམ་རྒྱང་རིང་ན་ཡོད་པས། ཁྱེད་ཀྱིས་ཀྱག་ཀྱོག་གི་བཞུད་ལམ་རིང་མོ། དཀའ་སྡུག་དང་འགྲན་རྩོད་ཀྱི་གཡུལ་ས་མ་ལུས་དུངས་ཞེན་དང་དྲང་བདེན་གྱིས་བསུས་ཤིང་ཕེབས། བློ་ཕམ་དང་ཞེ་ཆད་ཀྱི་དངན་པ་མེད་པ་ནི་ང་ཚོ་སྟེ་ཁྱེད་ཀྱི་སྒོ་འགྲམ་ན་ཡོད་པའི་དབུལ་ཕོངས་ཀྱི་སློང་མོ་བ་དེ་དག་གི་ཆེད་དུ་མ་ཡིན་ནམ། གོམ་མཚམས་བཞག་མ་མྱོང་བའི་ལོ་ཟླའི་འཁོར་སྐྱོད་ཀྱི་ཀློང་ནས། ཁོ་བོའི་བློ་གཤོག་འདིའང་ཁྱེད་ཀྱིས་སྦྱིན་པ་ཡིན་པས། ནམ་ཡང་རེ་སྙེག་གི་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་དུས།ཁྱེད་ཀྱི་ཁོད་ཡངས་པའི་བྲང་གཞུང་དེ་དང་དཔང་མཐོ་བའི་ལྷག་བསམ་མཐའ་དག་དྲན་སྲིད་ལ། བློ་གྲོས་ཀྱི་འདབ་གཤོག་ཇི་ལྟར་བརྐྱངས་ཀྱང་ཁྱེད་ཀྱི་མཐའ་མཚམས་དེ་བརྟོལ་མི་ནུས་ཨང་། བདག་གི་ཁྲི་རལ་མངོན་དགའ་གླིང་།

  ད་ནི་ཁྱེད་ཀྱི་ལང་ཚོ་དར་ལ་བབས་ཤིང་གཞོན་ཤ་རྒྱས་སྟངས་དེ་ཡང་དབྱར་ཟླ་དྲུག་པའི་གསོན་ཤུགས་དང་འདྲ་ལ། ལོ་ལེགས་ཀྱི་འབྲས་བཟང་སྨིན་པའི་གསེར་མདོག་གི་སྟོན་ཟླ་བརྒྱད་པར་གོམ་ཁ་བསྒྱུར་བར་བྲེལ་བཞིན་ཡོད་སྙམ་ན་ང་ནི་རང་དབང་མེད་པར་དྲན་ཤེས་ཉམས་པའི་སྐྲ་དཀར་རྒན་པོ་བཞིན་ཁྱེད་ཀྱི་སྒོ་ཐེམ་དེར་ཡང་བསྐྱར་འགྲིམ་འདོད་ཀྱི་འདུན་པ་བརྟན་ལ། ཁྱེད་ཀྱི་ལོ་རྒྱུས་ཀྱི་བདེན་པ་བསྐྱར་དུ་བཀླག་འདོད་ཀྱི་སྐལ་བ་ཞིག་བྱུང་ན་སྙམ་ཨང་།

  ད་ནི་ཁྱེད་དང་ཐོག་མར་མཇལ་དུས་ཀྱི་དྭངས་གཙང་གི་རྨི་ལམ་དེ་དྲན་བྱུང་། ཆར་ཟམ་ཟིམ་གྱི་དབྱངས་འགྲོས་དེ་ཡང་དྲན་བྱུང་། ལོ་ཟླས་ང་ལ་གུ་ཡངས་ཤིག་གནོངས་དང་། ལང་ཚོས་ང་ལ་ལྡོག་ལམ་ཞིག་སྦྱིན་དང་། དུས་དེ་རིང་། ང་ཡང་བསྐྱར་ཁྱེད་ཀྱི་རུམ་ཁ་རུ་འཛུལ་ནས་དྭངས་གཙང་གི་ཞོགས་པ་དང་ལྷིང་འཇགས་ཀྱི་ས་སྲོད་རེ་རེའི་ངོགས་སུ། བྱམས་དུང་གི་འཛུམ་མདངས་ཤིག་བྲིས་ན་བསམ། མཚར་སྡུག་གི་སང་ཉིན་ལ་རྒྱང་ལྟ་རེ་བྱེད་ཐུབ་ན་སྙམ་ཨང་། བདག་གི་ཁྲི་རལ་མངོན་དགའ་གླིང་།


  • ལེ་ཚན་སྔོན་མ།:ཐོབ་ཤོར།
  • ལེ་ཚན་རྗེས་མ།:སྐུ་ཞབས་རང་གྲོལ་རྗེས་སུ་དྲན་པ།