འགྱུར་ལྡོག

སྟག་རིག་འབྲུག་ཐར།        2018-07-13

དུས་རབས་གསར་བ་ཟེར་བའི་རླུང་བུ་ཞིག

ཁད་དལ་དལ་དུ། འགྲོས་མྱུར་མྱུར་དུ་ལྡང་བྱུང་།

མགོ་སྦྲ་སྨུག་པོའི་ཆོན་ཐག་ཐོལ་གྱིས་ཆད་ནས།

ཤིང་གི་ཕུར་བ་རྣོན་པོ་དུམ་སེར་ཆག་རྗེས།

གཅིག་ཐོག་གཅིག་ལ་བརྩེགས་པའི་རྡོ་ཁང་གྲུ་བཞིར།

གནས་མལ་དྲོན་མོའི་འདུ་ཤེས་ཟབ་མོ་ཞིག་ཆགས་མོད།

བསང་དུད་སྔོན་མོའི་འགྱུ་བག་གང་ཞིག་ནས་ཡལ་སོང་།

སྒོ་ཟོག་གཡང་གི་འབའ་ལྡིར་གང་ཞིག་ནས་བཀག་སོང་།

དུས་རབས་གསར་བ་ཟེར་བའི་རླུང་བུ་ཞིག

ཁད་དལ་དལ་དུ། འགྲོས་མྱུར་མྱུར་དུ་ལྡང་བྱུང་།

རོང་ཁང་གྲུ་བཞིའི་ཁང་ཁྱིམ་སྟོང་སང་ངེར་གྱུར་ནས།

ཞིང་ས་གོར་མོར་ལྡུམ་བུ་ཡུག་པོའི་ཚོགས་བཀང་རྗེས།

གཅིག་ཐོག་གཅིག་ལ་བརྩེགས་པའི་རྡོ་ཁང་གྲུ་བཞིར།

གནས་མལ་དྲོན་མོའི་འདུ་ཤེས་ཟབ་མོ་ཞིག་ཆགས་མོད།

དར་ཤིང་སྟེང་གི་དར་ལྕོག་གང་ཞིག་ནས་ལུས་སོང་།

ཚ་ཐབ་སྟེང་གི་དྲོད་ཤ་གང་ཞིག་ནས་འཁྱག་སོང་།

འདི་ལྟར།

ལ་ཁའི་དར་ལྕོག་བཞིན་རླུང་བུས་བལྡད་ཅིང་ཟད་ཚར་ལ་ཉེ།

རྡོ་གསེང་ཆུ་མིག་བཞིན་ཉི་འོད་རྣོན་པོས་སྐམ་ཚར་ལ་ཉེ།


  • ལེ་ཚན་སྔོན་མ།:སྐད་འཕྲིན།
  • ལེ་ཚན་རྗེས་མ།:ཆར་བ་བཞིན་ངའི་ནང་སེམས་སུ་བབས་པའི་ཁྱོད།