སྐད་འཕྲིན།

བདེ་དབྱངས་ལྷ་མོ།        2018-07-13

རླབས་ཆེན་མེས་པོས་ལྔ་རིག་བང་མཛོད་ཕྱི་རབས་གཞོན་པའི་སྐལ་དུ་བཞག།

དུས་རབས་ཉེར་གཅིག་ཚན་རིག་དུས་འདིར་ངེད་ཅག་བོད་ལ་དགོས་གལ་ཆེ།།

འོན་ཏེ་གྲངས་མེད་གཞོན་པའི་དབང་བོ་སྐད་འཕྲིན་ཟེར་བའི་བདུད་ཀྱིས་བསླུས།།

ཕ་ཤུལ་མ་ཟིན་གཞན་རྗེས་མ་ཆོད་སྒྱུ་འཕྲུལ་ཀློང་ན་དགའ་ལྷང་ལྷང་།།

 

བུ་རབས་ཚ་རྒྱུད་སེམས་པའི་ཞིང་སར་ལེགས་བཤད་གསེར་གྱི་ས་བོན་མཁོ།།

བྱམས་དང་སྙིང་རྗེའི་སྐྱོང་བའི་འཚོ་བ་དགུང་ལོ་བགྲེས་པའི་རྒན་གྱི་ཁུར།།

འོན་ཏེ་གྲངས་མེད་རྒན་པོའི་དབང་བོ་སྐད་འཕྲིན་ཟེར་བའི་བདུད་ཀྱིས་བསླུས།།

གུས་མེད་ལུགས་མེད་རྒན་གཞོན་དབྱེར་མེད་རིམས་ནད་འདི་ཉིད་གང་སར་ཁྱབ།།

 

རྨོངས་པའི་མུན་པ་སེལ་ཕྱིར་ཤེས་རིག་སྒྲོན་མེ་རྟག་ཏུ་སྦར་དགོས་ཤིང་།།

མ་རིག་མུན་པའི་བདུད་འཇོམས་ཤེས་བྱའི་རལ་གྲི་ཕྱག་ལ་འཕྱར་དགོས་མོད།།

འོན་ཏེ་གྲངས་མེད་རྒན་གྱི་དབང་བོ་སྐད་འཕྲིན་ཟེར་བའི་བདུད་ཀྱིས་བསླུས།།

སློབ་ར་གྲུ་བཞིའི་མཁའ་མཐའ་ཡོངས་ལ་རྨོངས་པའི་ཤུགས་གླུ་ཡང་ཡང་གྲག །

 

ཉིན་རེར་དཔེ་ཀློག་བྱེད་པ་ཤེས་བྱའི་བློ་མིག་འབྱེད་པའི་ལྡེ་མིག་ཡིན།།

ཤེས་བརྩོན་ཟུང་འབྲེལ་བྱས་ནས་སུམ་རྟགས་སྒྲ་ཚད་གཞུང་ལ་འཇུག་དགོས་ཀྱང་།།

འོན་ཏེ་གྲངས་མེད་སློབ་བུའི་དབང་བོ་སྐད་འཕྲིན་ཟེར་བའི་བདུད་ཀྱིས་བསླུས།།

འདི་ཡང་མ་སྦྱངས་ག་ཡང་མི་རྟོགས་མ་འོངས་རེ་བའི་རྒྱུན་ཐག་ཆད།།


  • ལེ་ཚན་སྔོན་མ།:སྲོད་ལ་གྲིབ་ཆེན་ལྡང་བའི་སེམས་འགྱུ།
  • ལེ་ཚན་རྗེས་མ།:འགྱུར་ལྡོག