སྲོད་ལ་གྲིབ་ཆེན་ལྡང་བའི་སེམས་འགྱུ།

བྲན།        2018-07-09

ནང་སེམས་རང་རིག་གི་མེ་ལོང་ནམ་མཁའི་ངོས་སུ།།

འཆར་ཡན་རྒྱུ་སྐར་གྱི་རི་མོ་སྣ་ཚོགས་ཤར་ན།།

སྣང་བ་སྤྲིན་དཀར་གྱི་ལུག་ཁྱུ་སྤང་ལ་འཐོར་འགྲོ།

སྟོན་གཞུང་ས་སྲོད་ཀྱི་གྲིབ་ཆེན་སྨག་གིས་ཟས་འགྲོ།

ཕྱི་རོལ་གཟུང་འཛིན་གྱི་སྒེའུ་ཁུང་ལྷོ་ལྟའི་ནང་ནས།།

དཀར་གསལ་ཟླ་འོད་ཀྱིས་འཐུང་བའི་མཚོ་མོ་རིག་ན།།

དྲན་པའི་རོལ་དབྱངས་ཀྱི་འགྱུར་ཁུགས་རིམ་གྱིས་ཉམས་འགྲོ།

ཤག་ཤག་ཆུ་མོ་ཡི་ཞེན་པའི་ལྷིང་འཇགས་དཀྲོགས་འགྲོ།

འཕངས་འབྲས་ཀུན་ཉོན་གྱིས་བསྐྱེད་པའི་ལ་མོ་ཐང་ནས།།

སྨིག་རྒྱུའི་ན་བུན་གྱི་རླངས་པ་ཞེ་རུ་ལྡིང་ན།།

ཆགས་པ་བན་བུན་གྱིས་དཀྲིས་པའི་རྣམ་ཤེས་ཁེགས་འགྲོ།

མཚུངས་མེད་འདུ་བྱེད་ཀྱི་སོར་མོའི་ཚོར་བ་ཉམས་འགྲོ།

རྟག་བརྟན་འགྱུར་མེད་ཀྱི་སེམས་པའི་ཀུན་གསལ་ཀློང་ནས།།

མི་འགྱུར་སྤྲོས་པ་ཡི་མཐའ་བརྒྱད་མདུད་པ་གྲོལ་ན།།

གུ་ཡངས་བག་ཕེབས་ཀྱི་རྩ་བའི་འགལ་འདུ་བཤིག་འགྲོ།

རྣམ་རྟོག་འདྲེ་སྲིན་གྱི་འཁོར་ཚོགས་རང་སར་བུད་འགྲོ།

ཕྱིན་དྲུག་ཚོགས་གཉིས་ཀྱི་དོན་དམ་སྒྱུ་མའི་གྲོང་ནས།།

སྣང་བ་སེམས་དབེན་གྱི་གསང་བའི་འཇོལ་མོ་གྲགས་ན།།

བདེན་སྟོང་ཐ་མ་ཡི་སྲིད་པའི་བག་ཆགས་ཡལ་འགྲོ།

འཛུམ་བག་སྣ་ཚོགས་ཀྱི་སྡོང་ལོ་རླུང་གིས་གཏོར་འགྲོ།


  • ལེ་ཚན་སྔོན་མ།:མཚན་མོའི་ཁེར་ལབ།
  • ལེ་ཚན་རྗེས་མ།:སྐད་འཕྲིན།