མཚན་མོའི་ཁེར་ལབ།

གངས་ཆར།        2018-07-09

ཟླ་འོད་ཀྱི་དཀར་ཆ་མེད་པའི་མཚན་མོར།

བཟའ་ཟླའི་སྙིང་གཏམ་དྲོན་མོ་མེད་ལ།

སྙིང་ནོར་གྱི་འཛུམ་མདངས་དང་ངུ་སྒྲ་ཡང་མེད།

དེ་བས་ངལ་དུབ་ཀྱིས་མནར་བའི་ལུས་པོ།

རྨི་ལམ་གྱི་ཞིང་དུ་མགྲོན་པོར་འབོད་

མཁན་ཡང་མ་བྱུང་།


མཚན་མོའི་ཁེར་ལབ།

འཇིག་རྟེན་གྱི་ཆེས་མུན་པ་ནག་ས་ནས།

འོད་ཟེར་གྱི་ལམ་དཀར་པོ་བསྙེགས་པའི་

འདུན་པ་ཁེར་ལབ་ཅིག

ཁེར་རྐྱང་གི་མཚན་མོར་ཁེར་ལབ་མང་།

མེ་ཏོག་ལྟར་བཞད་པའི་ཁེར་ལབ་མང་།

ཁ་བ་བཞིན་འབབ་པའི་ཁེར་ལབ་མང་།

མེ་ཏོག་ལ་ཤོར་བའི་དྭངས་གཙང་སེམས་

ཁམས་ཀྱི་ཁེར་ལབ།


ཁ་བ་ལ་ཞེན་ཞིང་རྦབ་ཆུ་ལྟར་འབབ་

པའི་ཁེར་ལབ་མང་།

མཚན་མོའི་ཁེར་ལབ།

ཁེར་རྐྱང་གི་ཆེས་འཇམ་སའི་མཚན་མོ་ནས།

སྦི་རག་གི་སྐྱུར་དྲི་མེད་ལ། 

བཅོས་མའི་འཛུམ་མདངས་ཀྱང་མེད།

ར་བཟི་ཡི་སྙིང་གཏམ་དང་འཁྲུག་རྩོད་མེད་ལ།

སྦི་རག་དང་འདྲེས་པའི་བཅོས་མའི་བརྩེ་

བ་ཡང་མེད།

དེ་བས། 

ངོ་ཚ་མེད་པའི་འདོད་ཆགས་ཀྱི་ཧམ་སེམས་ཀྱང་མེད།


ཁེར་རྐྱང་གི་མཚན་མོ།

ཁེར་ལབ་མང་བའི་མཚན་མོ།

མཐོན་པོ་གནམ་ལ་བརྩེ་བ་བཅངས་མྱོང་ལ།

དམའ་མོ་ས་གཞིར་ཡང་སྙིང་གཏམ་

དྲོན་མོ་བཤད་མྱོང་།

ཁེར་རྐྱང་གི་མཚན་མོ།

སྨག་རུམ་སེམས་སུ་སྒོམ་བཞིན།

ཁེར་ལབ་གྲོགས་སུ་བྱས་ཏེ།

མུན་པའི་ཁྲོད་ཀྱི་དབྱངས་གསལ་ལ་འོ་ཞིག་བྱས།


  • ལེ་ཚན་སྔོན་མ།:ཀྱེ། ནམ་ཞིག་གི་གླུ་གཞས།
  • ལེ་ཚན་རྗེས་མ།:སྲོད་ལ་གྲིབ་ཆེན་ལྡང་བའི་སེམས་འགྱུ།