དད་པའི་ལོ་འདབ་གསོན་པོ།

བྲག་སྲིན་ཚ།        2018-07-06

རྨད་བྱུང་སྤྱོད་བཟང་དཔག་བསམ་ཡལ་ག་སྨིན།།

མཐའ་བྲལ་ཡོན་ཏན་འབྲས་བུ་གཡུར་ཟ་བའི།།

ཁྲིམས་གཙང་དགེ་བའི་བཤེས་གཉེན་ངུར་སྨིག་བདག།

དད་པའི་ཡིད་ཟུང་འགུག་པའི་ཕོ་ཉ་མོ།།

ལེགས་ཚོགས་བསིལ་ཟེར་ཉ་གང་སྤྲིན་བྲལ་བ།།

བདེན་གཉིས་ཆུ་གཏེར་རྔུབ་པའི་ངང་བའི་རྒྱལ།།

རྨོངས་མུན་ཕ་མཐར་བརྒལ་བའི་རིག་པའི་སྲས།།

དུག་གསུམ་གཉིད་ལས་དཀྲོལ་བའི་སྐྱ་རེངས་བུ།།

འཛིན་བྲལ་ཚངཚིང་བསྲེགས་པའི་མེ་དཔུང་ངར།།

ལེགས་བཤད་སྤྲིན་ལས་སྨན་ཆར་སྩོལ་བའི་བཤེས།།

ཉི་མའི་རེ་ཁཱ་ལོག་རྟོགས་འུག་པའི་གཤེད།།

ཁྱེད་ལ་དད་པའི་ལོ་འདབ་གསོན་པོ་ཡིན།།


  • ལེ་ཚན་སྔོན་མ།:དྲན་པའི་ངོགས།
  • ལེ་ཚན་རྗེས་མ།:ཀྱེ། ནམ་ཞིག་གི་གླུ་གཞས།