དྲན་པའི་ངོགས།

གངས་ཆབ།        2018-07-06

ཀ་བ་གདུང་མས་བཏེགས་པའི་ཁང་ཁྱིམ་གྱི་ནང་ནས།།

ཁ་བའི་འདབ་མ་ཐོར་བ་སྒེའུ་ཁུང་ལས་མཐོང་དུས།།

ག་ཤེད་རི་ལུང་ཞིག་ན་ནོར་རྗེས་སུ་སྙེག་པའི།།

ང་ཡི་ཚ་བོ་ཚ་མོ་ཆུང་ཆུང་དག་དྲན་བྱུང་།།


ཅ་དག་ཕ་སྐད་གཙང་མ་ངག་སྒོ་ནས་ཐོན་ཅིང་།།

ཆ་ལུགས་བོད་གྱི་ལྭ་བ་ཡང་དག་ཅིག་གྱོན་ནས།།

ཇ་མར་ཤ་ཐུད་གཙང་མའི་ཁ་ཟས་དེ་རོལ་བའི།།

ཉ་ཉོག་ཁྱེད་ཚོ་དེ་རིང་འཁྱག་གི་ཞིག་ཨེ་ཡོད།།


ཏ་ལའི་ལོ་མ་ལྟ་བུའི་ཁ་བ་ཡི་འདབ་མ།།

ཐ་གྲུ་རི་ཀླུང་ཀུན་ཏུ་ཕྱོགས་མེད་དུ་བབས་ཀྱང་།།

ད་སྐབས་ཕྱུགས་ལུག་འཚོ་བའི་འབྲོག་ཐང་གི་རྫི་བོ།།

ན་ཐང་ལུང་ཁུགས་ཤིག་ན་གྲང་གི་ཞིག་ཡོད་དམ།།


པ་སངས་མདངས་ལས་དཀར་བའི་ཁ་བ་དེ་བབས་དུས།།

ཕ་རོལ་རི་སུལ་ཞིག་ན་རྫི་བོ་རུ་ཆས་པའི།།

བ་ཕྱུགས་གནག་ལུག་འཚོ་བའི་ཨ་ཉོག་དེ་ཆུང་ཆུང་།།

མ་ལོའི་རྩིབ་ན་མེད་པས་སྐྱོ་འུ་ཞིག་མེད་དམ།།


ཙ་ཏུར་བཞི་ལྡན་གཅན་གཟན་གདུག་རྩུབ་ཅན་དེ་ཚོས།།

ཚ་རུ་བལ་འཇམ་ལྡན་པའི་ལུག་ཁྱུ་ནི་དེ་ཚོ།།

ཛ་ལུང་རི་སུལ་ཀུན་ནས་འཇབ་རྒྱུགས་ཀྱིས་གསོད་པས།།

ཝ་མ་ཝོ་ལ་མ་ཡེངས་རྫི་བོ་དེ་སུན་ནམ།།


ཞྭ་མོ་དྲོན་པོ་ཞིག་ནི་མགོ་བོ་རུ་གྱོན་ཀྱང་།།

ཟ་རྒྱུ་བྲོ་ཆས་ཕྲན་བུ་རུམ་ནང་ན་ཨེ་ཡོད།།

འ་འུར་ལ་ཐང་གཉིས་ལ་ཆད་ཆད་དུ་བརྒྱུགས་ཀྱང་།།

ཡ་སོ་མེད་པའི་འབྲི་གཡག་མཚམས་པོ་རུ་ཨེ་ཐོན།།


ར་བ་ཕྱུགས་ཀྱིས་གང་ན་སྐྱིད་སྐྱིད་ཅིག་འདྲ་ཡང་།།

ལ་ལུང་འཕྲེད་ཀྱིས་གཅོད་པར་དཀའ་དཀའ་ཞིག་འདུག་གམ།།

ཤ་མར་ཟས་ཀྱི་བྲོ་བ་ཞིམ་པོ་ཞིག་ཡིན་ཡང་།།

ས་ཆེན་རྡོག་གིས་གནོན་པར་ཡི་ཐང་ཞིག་ཨེ་ཆད།།


ཧ་ཅང་སྙན་པོ་མིན་ཀྱང་སྒྲ་རྒྱན་དུ་ཐེ་བ།།

ཧ་ལམ་དོན་གྱི་གོ་བ་ཕྱོགས་ཙམ་ཞིག་སྟོན་པ།།

ཨ་ཉོག་ཕྱུགས་རྗེས་འདེད་པའི་ཚ་བུ་དང་ཚ་མོར།།

ཨ་ཞང་རང་མིང་ཅན་དེས་གང་དྲན་དུ་བྲིས་སོ།།


  • ལེ་ཚན་སྔོན་མ།:རུ་སྡེ།
  • ལེ་ཚན་རྗེས་མ།:དད་པའི་ལོ་འདབ་གསོན་པོ།