ཀུ་མཱ་ར།

ཤུག་པའི་སྡོང་ལོ།        2018-07-06

འཇིག་རྟེན་ནས་

ང་ཟེར་བ་དེ་ངོས་མ་ཟིན་སྐབས།

འདོད་ཆགས་ཞེ་སྡང་གི་ས་རྡུལ་མ་གོས་པའི་ཚེ།

སྲོག་གི་ཟེའུ་འབྲུ་ཡིན་དུས།

འཁོར་བ་ཡི་གཅོང་རོང་ཉུལ་འགོ་བརྩམས་མེད་ལ།

འཚོ་བ་ལ་ཞེན་ཆགས་ཀྱི་ཁ་རླངས་ཕོག་མེད།

ཉི་ཟླ་ཡི་འཆར་ནུབ་གང་མང་ཞིག་བརྒྱུད་རྗེས།

ནང་སེམས་ཀྱི་སྣང་བ་ནར་སོན་པ་ཡིན་ནམ།

འཚོ་གནས་ཞེས་པའི་འཁོར་བ་ཡི་རི་མོ་ཡིད་ལ་བྲིས་པ་ཡིན།

གང་ལྟར།

ལང་ཚོ་མེ་རུ་བསྒྲོན་ནས།

སྒྱུ་མ་མཁན་གྱི་རྣམ་ཐར་ལས་རིང་དུ་གྱེས་འདོད་ཅེས།

རྨི་ལམ་དང་རྣམ་ཤེས་གཞི་གཅིག་ཏུ་བསྲེས་ནས།

དུས་རབས་ཀྱི་ནད་ཀྱིས་ཐེབས་པའི་སེམས་པ་ལ།

གནས་མལ་ཞིག་ཅིས་ཀྱང་འཚོལ་དགོས་ཟེར།


  • ལེ་ཚན་སྔོན་མ།:ཤ་ཚིལ་ལྟ་བུའི་དགའ་མ།
  • ལེ་ཚན་རྗེས་མ།:དྲན།