ཁྱེད་རང་དྲན་པ།

སད།        2018-07-06

ལོ་ཟླས་བཏབས་པའི་སྐྱིད་སྡུག་གི་འཚོ་བའི་ཀློང་ནས།

མཛེས་སྡུག་གི་སྐྲ་ལོའི་ཁ་དོག་ཡལ།

རྒས་གཉེར་གྱི་རི་མོ་ཐོད་ལ་བྲིས།

དལ་གྱིས།

འབྱུང་བཞི་འཁྲིགས་པའི་ནད་གདུང་གིས་མནར་བཞིན།

ཡན་ལག་གི་དབང་ཆ་གཞི་ནས་སྟོང་རུང་།

ཨུ་ཚུགས་ཀྱིས་མགོ་བོ་བཏེགས་ཏེ་

ཆོས་རྗེ་བླ་མ་མཁྱེན་ཞེས་པའི་གསོལ་

འདེབས་ཀྱི་སྒྲ་དབྱངས་ཡལ་བ་མེད་པའི་

ཡུ་གར་ན།

ནམ་ནམ་ཞར་ཞར་ལ་གནས།

མྱེ་བོ་ལགས།

གཤིན་རྗེ་ཆོས་རྒྱལ་གྱིས་

འགོག་མེད་ཀྱི་ཚེ་མཇུག་བརྟོལ་སྟེ།

བུ་ཕྲུག་དང་ཚ་བོའི་སྡུག་བསྔལ་གྱི་མིག་ཆུ་

ཉི་འོད་ཀྱིས་བསྲེགས་པའི་ཚ་བས་གདུང་རུང་།

ཁྱེད་རང་ཆགས་སྡང་གི་མུན་པའི་གྲོང་ཁྱེར་ལ་

ཡིད་སེམས་ཆད་ཀྱིས་

བྱ་རྒོད་རྙི་ནས་ཐར་བ་བཞིན།

ཞིང་པའི་གནས་མཆོག་ཅིག་ཏུ་བྱོན་སོང་བ་རེད།


ཁྱེད་སོང་ཉིན་ནས།

ཁྱིམ་ཚང་འདིའི་དྲོད་ཁོལ་སྟོང་ལ།

དགོད་སྒྲ་དང་འཛུམས་མདངས་ཡོད་ཚད།

ཁྱེད་ཀྱིས་ཁྱེར་ཟིན་པ་དང་ཀུན་ནས་མཚུངས།


མཚན་མོའི་རྨི་ལམ་གྱི་གྲོང་ནས།

ཁྱེད་ཀྱི་རྒྱབ་གཟུགས་རྙེད།

ཐོགས་ས་མེད་པའི་གྲིབ་མ་དེ་ང་དང་རྒྱང་དུ་གྱེད།

འཇིགས་སྐྲག་གིས་མལ་ལས་སད་པ་དང་།

སྔས་མགོ་ཡོད་ཚད་མིག་ཆུའི་བརླན་ལ།

སེམས་ཁམས་ཡོད་ཚད་དྲན་པ་འདིས་མནར་འདུག


དོན་ངོ་མ།

ང་རང་གཉིད་དང་འཐམ་དྲགས་པ་རེད་དམ།

ན་ཟུག་གི་རྨ་ཁ་གསོན་པོ་ཞིག

ཁོག་ནང་གི་ཚེར་མ་ལྟ་བུ་རུ་གྱུར་སོང་བ་རེད།

ད་དུང་ང་ཡིད་གཉིས་སུ་གྱུར་འདུག

  • ལེ་ཚན་སྔོན་མ།:ཕམ་ཁའི་བུ་མོར་རྒྱལ་ཁའི་ལྷ་སྲས་འཁྲུངས།
  • ལེ་ཚན་རྗེས་མ།:ཤ་ཚིལ་ལྟ་བུའི་དགའ་མ།