དྲན་སེམས་བརྒལ་བའི་མི་རྐྱང་།

ལྷ་ས། བྱམས་པ་ཚེ་སྒྲོན།        2018-06-20

ཀ་ལ་པིང་ཀའི་སྙན་དབྱངས་དོ་ཤལ་དེ་མེད་རུང་།།

ཁ་བའི་ལྗོངས་ཀྱི་སྐད་ཡིག་རྩ་ཆེན་འདི་སྤྱད་ནས།།

ག་ལེར་དྲན་པའི་ས་བོན་ཞིང་ས་རུ་རྒྱས་སྐབས།།

ང་ཡི་ཚོར་བའི་ཡིག་ཕྲེང་ཁྱེད་ཕྱོགས་ལ་སྤྲིངས་ཡོད།།


ཅ་ག་བསམ་སྤྱོད་དག་པའི་རང་ཡུལ་གྱི་གཞོན་ནུ།།

ཆ་སྒྲིག་མིག་དང་སེམས་པར་འཁྱིལ་བ་དེ་དགའ་བྱུང་།།

ཇ་ལན་མར་ཁུས་འཇལ་བའི་རིགས་བཟང་གི་བུ་ཁྱེད།།

ཉ་གང་ཟླ་བཞིན་བཟང་བའི་སྙིང་དབུས་ཀྱི་དགའ་ལོ།།


ཏ་ལེ་བཅོས་མིན་སེམས་པའི་མེ་ལོང་གི་དབུས་ན།།

ཐ་གེ་མ་ཡིན་ཡུན་རིང་བཞུགས་པ་ཡི་བདག་པོ།།

ད་དུང་མ་འགྱངས་བདག་གི་ཁོར་ཡུག་ཏུ་ཕེབས་དང་།།

ན་ཆུང་བུ་མོའི་མ་བཟོད་སྙིང་གཏམ་ལ་གསན་མཛོད།།


པ་ཊའི་དྲ་མིག་མཐོངས་ནས་ཁྱེད་ཞལ་དེ་མཇལ་བས།།

ཕ་མེས་ཚེ་རབས་བརྒྱུས་པའི་སྐུ་བསོད་དེ་རེད་བསམ།།

བ་ཚྭའི་ཆུ་བོ་ཧུབ་ཀྱིས་བཏུང་བ་དང་འདྲ་བའི།།

མ་ནས་ཁྱེད་ལ་བཅངས་པའི་བརྩེ་དུང་འདི་ཇེ་ཟབ།།


ཙ་རི་ཞེས་བྱ་མཛེས་པའི་ཞིང་ཁམས་ནས་ཡོང་བའི།།

ཚ་ཟེར་ཅན་བཞིན་སེམས་ཀྱི་གུར་ཁང་དུ་འཕྲོ་མཁན།།

ཛ་ལང་རྩུབ་སྤྱོད་བྲལ་བའི་ཡིད་འཕྲོག་གི་ཆོམ་རྐུན།།

ཝ་ལེར་དྲན་པའི་ཡོལ་བར་རི་མོ་བཞིན་འཆར་བྱུང་།།


ཞ་ར་དབང་སྐྱོན་གནསབབ་ཅི་འདྲ་ལ་ཐུག་ཀྱང་།།

ཟ་ཟོ་གཡོ་འཁྱོམ་མེད་པའི་བརྩེ་བ་འདི་འབུལ་ཆོག །

འ་འུར་གསོན་བྲལ་མི་བྱེད་དམ་བཅའ་ལ་བརྟེན་ནས།།

ཡ་ཁོག་སྙིང་གི་ཚི་ལུར་ཁྱེད་ཉིད་རང་བསྒོམས་ཡོད།།


ར་ལུག་འཚོ་བཞིན་འབྱམས་ཀླས་སྤང་ཐང་གི་སྟེང་ན།།

ལྭ་རིང་གྱོན་པའི་དགའ་བོའི་འཛུམ་ཆུང་དང་ལྷན་དུ།།

ཤ་ཚའི་སྙིང་གཏམ་དུས་ཀྱི་ཅང་ཤེས་ལ་བསྐུར་ཏེ།།

ས་གསུམ་ཡིད་སྨོན་འཆོར་སའི་ཚེ་གྲོགས་ཤིག་བྱ་འདོད།།


ཧ་ཅང་དྲན་པས་མནར་བའི་འཁོས་སྡུག་གི་བུ་མོས།།

ཨ་མཚར་རྩེད་མོ་མིན་པའི་ཀ་རྩོམ་འདི་བྲིས་མཚམས།།

ཧ་ཧ་དགོད་སྒྲ་ཡལ་བའི་ཁང་མིག་ཆུང་ངུ་ཡི་ནང་དུ།།

ཨ་ཙི་ཁྱེད་རང་མ་དྲན་ཉིན་མཚན་ཞིག་མི་འདུག །


  • ལེ་ཚན་སྔོན་མ།:མ་ཡུམ་སློབ་གྲྭར་སྦྱར་བའི་ཀ་ཕྲེང་།
  • ལེ་ཚན་རྗེས་མ།:གུང་ཁྲན་ཏང་གི་འོད་ཟེར།