མ་ཡུམ་སློབ་གྲྭར་སྦྱར་བའི་ཀ་ཕྲེང་།

དཔལ་ལྡན་རྡོ་རྗེ།        2018-06-20

ཀ་བ་གདུང་ལྕམ་དབེན་པའི་ཁང་བཟང་གི་དབུས་སུ།།

ཁ་ནས་དབྱངས་གསལ་སོ་བཞི་དབྱངས་རྟ་ལ་འགུགས་དུས།།

ག་ལེར་ཁོམ་ལོང་མེད་པར་བརྩོན་སེམས་རང་བསྐྱེད་དེ།།

ང་རོ་ཞེ་ནས་བརྡོལ་བའི་རྨི་ལམ་དེ་ཟིན་ཡོད།།


ཅ་ཅོའི་ལབ་གླེང་མེད་པ་སྤྱོད་ལྡན་གྱི་སློབ་མ།།

ཆ་ལུགས་འདྲ་མིན་མི་བྱེད་གཤིས་ལྡན་གྱི་དགེ་རྒན།།

ཇ་སོགས་བཏུང་ནས་དུས་ཚོད་འཕྲོ་བརླག་རང་མེད་པར།།

ཉ་མོ་ཆུ་ལ་རོལ་བཞིན་དཀའ་ཐུབ་ཀྱིས་བརྩོན་བསྐྱེད།།


ཏ་སོགས་རིག་པའི་ཉིང་བཅུད་བློ་གཞུང་དུ་བསགས་ཤིང་།།

ཐ་མར་འོད་ཀྱིས་འཕྲོ་བའི་ཕུགས་འདུན་དེ་བསམས་ནས།།

ད་ནས་བཟུང་སྟེ་མི་འགྱུར་ཆོད་སེམས་རང་བཅངས་ཤིང་།།

ན་གཞོན་མངའ་ཐང་བརྙེས་པའི་འདུན་མ་དེ་བརྟན་ཡོད།།


པ་ཏྲ་ལྟ་བུའི་རྒྱང་རིང་སུམ་རྩེན་དེ་སྙེག་དུས།།

ཕ་རྒྱུད་རབས་སུ་སྤེལ་བའི་རིགས་རུས་དེ་སྙིམ་ཡོད།།

བ་དན་དགུང་དུ་བསྐྱོད་པའི་རང་མདངས་དེ་བསམས་ནས།།

མ་ལྟར་སྡུག་རུས་བསྐྱེད་པའི་བློ་མཛངས་དེ་མངའ་ཡོད།།


ཙ་རི་ལ་སོགས་རྒྱང་རིང་དམིགས་འདུན་དེའི་ཕྱིར་དུ།།

ཚ་གྲང་སྡུག་བསྔལ་སྣ་ཚོགས་བཟོད་བསྲན་གྱིས་འཇོམ་བཞིན།།

ཛ་དྲག་ཟང་ཟིང་འདྲེས་པའི་སྐལ་བ་རང་ལྡན་ཡང་།།

ཝ་མོའི་བརྟུལ་ཞུགས་དབེན་པ་གཉུག་མ་ཡི་རང་བཞིན།།


ཞ་སྨྱུག་ལག་ཏུ་འཛིན་པའི་དཔྱོད་ཡངས་ཀྱི་སློབ་བུ།།

ཟ་སོགས་གསལ་བྱེད་སྡེ་སྣོད་བློ་གཤོག་གིས་སློབ་བཞིན།།

འ་འུར་ཀུ་ཅོ་དབེན་པ་རྣམ་དག་གི་འདུ་ཤེས།།

ཡ་ཆུང་སྙིང་ན་འཛུམ་པའི་མ་ཡུམ་གྱི་སློབ་གྲྭ།།


ར་རིའི་སྦགས་དང་བྲལ་བའི་སྟངས་སྟབས་རང་བསྒྱུར་ཅིང་།།

ལ་གཞས་འགྱུར་ཁུག་སྙན་མོ་སེམས་རྟེན་དུ་བླངས་ནས།།

ཤ་རུས་སྟེང་ནས་དུང་བའི་མ་ཡུམ་གྱི་སློབ་གྲྭར།།

ས་ཆེན་བྲང་གཞུང་ངོས་ནས་བསྟོད་བསྔགས་དེ་གྱེར་རོ།།


ཧ་ལས་གསར་དུ་བཞེངས་པའི་སེམས་ཁོང་གི་སློབ་གྲྭ།།

ཨ་མཚར་གནས་ཡུལ་འདི་ནས་ཉི་འོད་ཀྱིས་བརྒྱན་འདུག །

ཧ་ལས་ལྷུན་གྱིས་འགྱིང་བའི་མ་ཡུམ་གྱི་སློབ་གྲྭར།།

ཨ་སོགས་དབྱངས་གསལ་སོ་བཞིའི་མུ་ཏིག་གིས་བརྒྱུས་སོ།།


  • ལེ་ཚན་སྔོན་མ།:མཚན་མོ་ཞིག་གི་དུས་ཡུན།
  • ལེ་ཚན་རྗེས་མ།:དྲན་སེམས་བརྒལ་བའི་མི་རྐྱང་།