ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།

        2018-06-20

     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་འབྱོར་བའི་གློག་འཕྲིན། དབུལ་ཐར་འགག་སྒྲོལ་བྱེད་པའི་ལོ་གསུམ་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དེ་སྤྱི་ཟླ6པའི་ཚེས11ཉིན་འཚོགས་པ་རེད། གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་པ་དང་། ཕྱིན་ཆད་ལོ་གསུམ་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་བཀོད་སྒྲིག་གནང་ཡོད་པ་རེད།

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བས་ངེས་པར་དུ་དམ་པ་དོན་གཉེར་དང་། དཀའ་སྤྱད་འབད་འཐབ་བྱ་དགོས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་སྙིང་སྟོབས་སྔར་བས་ཆེ་བ་དང་། ཏན་ཏན་ཏིག་ཏིག་གི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་རྒྱ་ཆེའི་ལས་བྱེད་པ་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཆོད་སེམས་བརྟན་པོ་དང་དཀའ་སྤྱད་འབད་འཐབ། ཀུན་སེམས་གཅིག་སྒྲིལ་གྱིས་དབུལ་ཐར་འགག་སྒྲོལ་ཁྱོན་ཡོངས་ནས་ཐུབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

     ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ཐུབ་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པའི་ངོས་ནས་ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱི་ཡོངས་འགན་ཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་བཅས་ཀྱི་དོ་དམ་སྒྲིག་གཞི་ཤུགས་ཆེར་གཏོང་བ། ཏང་སྲིད་གི་འགོ་འཛིན་གཙོ་བོས་སྤྱི་ཡོངས་འགན་ཁུར་བའི་འགོ་ཁྲིད་ཀྱི་འགན་ཁྲིའི་ལམ་ལུགས་ཤུགས་ཆེར་གཏོང་བ། འགན་འཁྲི་ཁ་གསལ་དང་། གཙོ་ཤུགས་དམག་ལ་བརྟེན་པ། ཕན་འབྲས་དངོས་ཐོན་རྒྱུར་དམ་འཛིན་བཅས་བྱ་དགོས། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་དང་དབུལ་ཐར་ཚད་གཞི་རྒྱུན་འཁྱོངས་བྱ་དགོས་པ་དང་། དབུལ་སྐྱོར་གནད་སྨིན་དང་དབུལ་ཐར་གནད་སྨིན་གྱི་གཞི་རྩའི་བྱེད་ཐབས་ལག་བསྟར་བྱེད་པ། བྲེལ་འཚུབ་ཆེན་པོ་བྱ་རྒྱུ་མེད་ལ་སྒྱིད་ལུག་རྣམ་པའི་སྒོ་ནས་ནར་འགྱངས་ཀྱང་གཏོང་མི་རུང་། ཚད་གཞི་དམའ་རུ་གཏོང་རྒྱུ་མེད་ལ་མཐོ་ཡང་དྲགས་ཀྱང་རྒྱུ་མེད། དོ་ཁུར་བྱེད་ས་མི་འགྱུར་བ་དང་གཙོ་གནད་མི་འགྱུར་བའི་འགན་ལེན་བྱ་དགོས། ཧ་ཅང་དབུལ་ཕོངས་ས་ཁུལ་དང་དམིགས་བསལ་གྱི་དབུལ་ཕོངས་མང་ཚོགས་ལ་དོ་ཁུར་བྱས་ཏེ། གྲོང་ཚོ་གཅིག་དང་མི་གཅིག་ཀྱང་མི་ལུས་པ་བྱ་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཏང་སྲིད་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཟབ་ཏུ་གཏང་དགོས་པ་དང་། སྤྱི་ཚོགས་ལས་རིགས་ཁག་ནས་དབུལ་ཐར་འགག་སྒྲོལ་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་བྱས་ཏེ། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་བར་མཉམ་འགུལ་དང་། ལས་རིགས་དབུལ་སྐྱོར་དང་། ཆེད་དོན་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཀྱི་མཉམ་འགུལ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བའི་ནང་། དབུལ་ཐར་གནད་སྨིན་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ངེས་པར་དུ་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་ལ། ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཀྱང་ཡིན། རིམ་ཁག་ས་ཁུལ་དང་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཧ་ཅང་དབུལ་ཕོངས་ས་ཁུལ་དང་དམིགས་བསལ་གྱི་དབུལ་ཕོངས་མང་ཚོགས་ལ་དོ་ཁུར་བྱེད་པ། སྲིད་ཇུས་བྱ་ཐབས་ཞིབ་ཕྲ་ཅན་དང་དངོས་ཡོད་ཅན་ལ་འགྱུར་བ། གྲོང་ཚོ་ནས་ཁྱིམ་དུད་བར་དང་དེ་ནས་གྲོང་མི་བར་དོན་འཁྱོལ་ཡོང་བ་བྱེད་པ། ལས་གཞིའི་མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགན་ཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། དཔྱད་ཞིབ་ནན་པོ་བྱེད་པ། སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྡུད་བྱེད་པ། དམ་པ་དོན་གཉེར་གྱིས་ལོ་རེ་ལ་འཕེལ་རིམ་གསར་པ་རེ་ཐོན་རྒྱུར་འགན་ལེན་བྱ་དགོས། གནད་འཕིགས་དབུལ་སྐྱོར་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཉིས་ཕན་ཚུན་སྐུལ་འདེད་ཐེབས་རྒྱུར་སྣང་ཆེན་བྱ་དགོས་པ་དང་། དབུལ་སྐྱོར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གོང་འཕེལ་གྱི་འཐབ་ཇུས་བར་གྱི་སྦྲེལ་མཐུད་ལ་སྣང་ཆེན་བྱེད་པ། ཕྱི་ཕྱོགས་ཀྱི་རོགས་སྐྱོར་དང་ནང་སྐྱེའི་སྒུལ་ཤུགས་གཉིས་ཟུང་འབྲེལ་དམ་པོ་ཐུབ་རྒྱུར་སྣང་ཆེན་བྱེད་པ། དབུལ་ཕོངས་མང་ཚོགས་བརྟན་པོའི་ངང་དབུལ་ཐར་དང་རིམ་བཞིན་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་གསུམ་ནང་དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:ད་ལོར་སི་ཁྲོན་གྱིས་མི་ཁྲི34ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ།
  • ལེ་ཚན་རྗེས་མ།:ད་ལོར་སི་ཁྲོན་གྱིས་མི་ཁྲི34ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།