མཚན་མོ་ཞིག་གི་དུས་ཡུན།

དཔལ་བརྟན།        2018-06-15

ཉི་མ་གནམ་ནས་བུད་དེ་རི་རྒྱབ་ཏུ་ནུབ་སོང་།

དྲོད་ཁོལ་རུམ་ནས་བུད་དེ་རླུང་བུ་དང་འདྲེས་སོང་།

ཁེར་རྐྱང་དུ་ལུས་པའི་ང་རང་སུ་ཞིག་གི་གྲོགས་སུ་གྱུར་ཡོད།

མ་གཞི།

ང་རང་ཁེར་རྐྱང་མ་ཡིན་པར་ངའི་གྲོགས་སུ་སྙན་ངག་ཡོད།


ལྷིང་འཇགས་ཀྱི་མཚན་མོ་དེ་ནི།

ང་དང་སྙན་ངག་ལ་དབང་བའི་རང་དབང་གི་གར་སྟེགས་ཤིག་སྟེ།

མཁའ་དབུགས་དང་སྨག་རུམ།

སྐར་མ་དང་ཟླ་བ།

སྒོ་ཁྱི་དང་སྤྱང་ཀི།

ཡོད་ཚད་ངེད་གཉིས་ཀྱི་ལྟད་མོ་བ་ཡིན།

མཚན་མོ་འདིར།

ངའི་རྒུན་ཆང་དམར་པོ་དེའི་བྲོ་བ་དེ་སྔར་ལས་མངར་ལ།

ཐ་མག་རྐང་གཅིག་གི་དུ་བའི་ངད་ཁ་ཡང་ལྷག་ཏུ་འཇམ།

དུས་དེར།

ངའི་རྐང་བའི་འདེགས་འཇོག་ལ་སེམས་ཀྱིས་ཚོད་འཛིན་མ་ཐུབ་པར།

ཕྱིའི་ཁུ་སིམ་གྱི་འཇིག་རྟེན་ལ་རྡོག་པས་རྒྱག་དུས།

བསིལ་རླུང་ཞིག་གིས་ངའི་སྐྲ་ལོ་རང་དབང་མེད་པར་ཕྱོགས་ཀུན་ཏུ་སྐྱོད།

ཡིན་ན་ཡང་།

ངའི་སེམས་ཀྱི་རླུང་བུ་ལ་གང་གིས་ཀྱང་གཡོ་འགུལ་མ་ཐེབས་པར།

སྔར་བཞིན་སྙན་ངག་གི་ལྷ་མོའི་སྐེ་ལ་ཤི་འཐམ་རོ་འཐམ་བྱེད་བཞིན།

མོའི་དྲོད་ཁོལ་ལ་མྱོང་རོལ་བྱས།


མཚན་ཁྱིའི་ཟུག་སྐད་དང་མཉམ་དུ་དུས་ཚོད་དལ་བུར་འདས་སོང་ཡང་།

ང་རང་སྔར་བཞིན་སྙན་ངག་གི་ལྷ་མོ་དང་ཁ་བྲལ་མ་མྱོང་།

མ་ཚད།

མཚན་མོ་དེར་་་་་་་་་་་


  • ལེ་ཚན་སྔོན་མ།:མཐོང་སྣང་དབྱངས་སུ་གྱེར་བའི་གླུ།
  • ལེ་ཚན་རྗེས་མ།:མ་ཡུམ་སློབ་གྲྭར་སྦྱར་བའི་ཀ་ཕྲེང་།