མཐོང་སྣང་དབྱངས་སུ་གྱེར་བའི་གླུ།

ཉི་མ།        2018-06-15

རྣམ་མང་མཛེས་རྒྱན་ལུས་སུ་བགོས་པས་སྤྲོ་སྐྱིད་འཕེལ་བའི་ཉིན་མོ་འདིར།།

བཀྲ་རྟགས་རིས་ཀྱིས་རྟག་ཏུ་བརྗིད་པའི་དཀར་ཡོལ་ཉ་ཟླ་འཆར་འདྲའི་ནང་།།

འབྱུང་བཞི་སྙོམས་པོར་སྨན་དུ་འགྱུར་བའི་བཏུང་ཇ་རྦབ་ཆུ་རྡོལ་འདྲ་དང་།།

རོ་བརྒྱའི་བྲོ་བ་གཅིག་ཏུ་བསྡུས་པའི་ནས་རྩམ་ཁ་བ་བབས་འདྲ་བཞེས།།


བདེ་ལྡན་ཞིང་འདི་མཐོང་སྣང་འཆར་བ་རྒྱུད་མངས་སྒྲ་དང་མཉམ་བསྡེབས་ཏེ།།

ཞལ་རས་ངོས་ནས་མིག་ཟུང་པད་འདབ་འབྱེད་འཛུམ་རེས་མོའི་ཉམས་འགྱུར་དང་།།

དུང་སོ་སུམ་ཅུའི་ཕྲེང་བ་བསྟར་ནས་གཞན་ངོ་སྤྲོ་བར་འབུངས་པ་ནི།།

སྐར་ཆའི་འགྲོས་དང་ཡོངས་སུ་བསྟུན་ཏེ་བསྟུངས་མེད་ཆུ་རྒྱུན་རྗེས་སུ་འཇུག།


རྟ་མཆོག་གྱི་ལིང་ཁ་མདའ་དཀྲུག་པའི་སྐྱ་མི་སེར་རྒོད་འབབ་འདྲ་རྣམས།།

ཧ་སྒྲའི་ང་རོ་ནགས་སུ་འབྱིན་པའི་གཅན་གཟན་གཏུམ་པོའི་གད་རྒྱངས་བཞིན།།

མཐའ་མེད་ཁྲོམ་སྲང་ཀུན་ཏུ་འབྲེལ་བའི་རྒྱ་གྲོང་གྲོག་མའི་འདུ་ཚོགས་དབུས།།

རྫིག་རྔམ་གོ་ཆ་ཡོངས་སུ་སྤྲས་ཏེ་འགྱིང་འགྲོས་དེ་ནི་སྔངས་པའི་ཡུལ།།


སྐྲ་དཀར་གཉེར་མས་ཕུར་མདུད་བརྒྱབ་པའི་བགྲེས་པོ་སྤྲ་བའི་མེ་ཏོག་མགོ།།

ཤ་རྒོད་འཕར་སྟབས་ལྷག་ཏུ་རྒྱས་པའི་སྟག་ཤར་བདེ་རྩལ་གློག་དམར་སྤུན།།

འཇོ་སྒེག་གཟུགས་འཆང་རྨད་དུ་བྱུང་བའི་བུ་མོའི་བཞིན་རས་ཀུ་ཤུའི་མདངས།།

ཀ་མད་སུམ་ཅུའི་མགྲིན་དབྱངས་གྱེར་བའི་བྱིས་ཆུང་གུར་ཀུམ་ལ་སོགས་མཛེས།།


བཀོད་ལེགས་ཁང་བཟང་ཚོན་མདངས་བཀྲ་བའི་རྒྱ་ཆེན་གར་སྟེགས་མཐོན་པོའི་སྟེང་།།

དྲུག་འགྱུར་དབྱངས་རྟ་མགྲིན་པར་འཁྱིལ་བའི་གླུ་བ་གླུ་མ་ཁུ་བྱུག་གདངས།།

བྲོ་གར་མཁན་པོས་མཛེས་པར་བཀླུབས་པའི་གཟབ་འཕྱོར་རྨ་བྱའི་སྒྲོ་གུར་འདྲར།།

ལྟ་འདོད་མགྲོན་པའི་མིག་ཟུང་བགྲོད་ནས་འདམ་བརྙན་བཞིན་དུ་འགུལ་མེད་གཡེང་།།

མཐོན་མཐིང་ནམ་མཁའི་དབྱིངས་སུ་བསྙེགས་པའི་བྲག་རི་གནམ་ལྕགས་ཀ་བའི་དབྱིབས།།

སྔོ་ལྗང་རྩི་ཤིང་ཕྱོགས་བརྒྱར་བཞད་པའི་ས་འཛིན་མ་གད་མཆོད་རྟེན་འདྲ།།

དྲི་ཞིམ་ངད་ལྡང་ཕྱོགས་སུ་སིམ་པའི་སྤང་ལྗོངས་བཻ་ཌཱུའི་མེ་ལོང་ངོས།།

ལྷུང་ལྷུང་དྭངས་བསིལ་ཐུར་དུ་འབབ་པའི་ཆུ་བོ་གཡུ་འབྲུག་འཁྱུག་པས་བརྒྱན།།


ནག་ནོག་སྤུ་སྡུག་ལུས་སུ་ཞོལ་བའི་ནོར་ཕྱུགས་སྐར་ཚོགས་བཀྲམ་དང་མཚུངས།།

མཆོང་ལྡིང་འཕགས་རྩལ་རྒྱུན་དུ་རྩེན་པའི་རི་དྭགས་བྲོ་གར་མཁན་པོ་བཞིན།།

འདབ་ཆགས་ཁྱུ་ཚོགས་མཁའ་རུ་ལྡིང་བའི་གསུང་སྐད་གླིང་བུ་འབུད་འདྲ་རྣམས།།

སྔོ་ལྗང་རྩྭ་རྩི་ཕོན་བུར་བསྐྱིལ་བའི་གཡུ་གཞོང་ཁྱོན་དུ་རྩེད་མོར་རོལ།།


དྲོད་འཇམ་འོད་སྟོང་ཕྱོགས་བཅུར་འཕྲོ་བའི་ཉི་གཞོན་གསེར་གྱི་སྡེར་མའི་མདོག།

བསིལ་འཇམ་བདུད་རྩི་རྟག་ཏུ་ཟེགས་པའི་ཟླ་བ་ཤེལ་དཀར་བུམ་པའི་གཟུགས།།

སྔོ་བསངས་ཀུན་གསལ་ཁྱོན་དུ་བཀྲ་བའི་སྐར་ཚོགས་མོད་པོའི་མིག་སྟོང་སོགས།།

གྱ་གྱུའི་གོམ་སྟབས་དབྱིངས་སུ་སྙེག་པའི་སྤྲིན་དཀར་གསེང་ནས་ལྟད་མོར་ཕེབས།།


ལྗོན་པའི་འུར་སྒྲ་རི་ལུང་འགེངས་པ་ཟློས་སྔགས་བགྲང་པའི་སྔགས་འཆང་བཞིན།།

དྲི་ཞིམ་ངད་ཀྱིས་ཕྱོགས་ཀུན་སིམ་པའི་བསིལ་རླུང་ངེས་མེད་མགྲོན་པོ་འདྲ།།

འབྲས་བུའི་ལྕིད་ཀྱིས་ཐུར་དུ་འགུག་པའི་ལོ་ཐོག་རྒད་པོས་ཆོས་ཞུ་ལྟར།།

འབུ་དང་བྱ་བྱེའུས་དེ་དག་ཁྲོད་དུ་མགྱོགས་བུལ་འགྲན་རྩོད་དཔལ་ལ་དགྱེས།།


ནོར་འཛིན་དཔལ་ཡོན་མིག་གི་བདུད་རྩི་སྐྱེ་དགུ་ཡིད་སེམས་འཁྲེང་བའི་ཡུལ།།

ངོ་མཚར་རབ་ལྕི་མཛེས་སྡུག་ཡིད་འོང་སུམ་རྩེན་གནས་ནས་ལྷུང་འདྲ་འདི།།

རང་སེམས་འཆར་བའི་སྣང་བརྙན་གསོན་པོ་ཡི་གེའི་ལམ་ནས་འབུབས་པའི་དཔྱིད།།

སེམས་དཀར་འགྲོག་འདྲིས་གསེར་སྐུད་སྦྲེལ་བའི་མཆེད་གྲོགས་རྣམས་ལ་གཟིགས་འབུལ་ཞུ།།


  • ལེ་ཚན་སྔོན་མ།:མདུན་སྐྱོད་ལམ་ལ་སྐུལ་བའི་སྙིང་གཏམ།
  • ལེ་ཚན་རྗེས་མ།:མཚན་མོ་ཞིག་གི་དུས་ཡུན།