མདུན་སྐྱོད་ལམ་ལ་སྐུལ་བའི་སྙིང་གཏམ།

གནས་ཡུལ་ལྷ་མོ།        2018-06-15

དུས་རབས་ཉེར་གཅིག་འཕྲུལ་གྱི་དུས་བཟང་འདིར།།

དགེན་མིང་ཐོབ་པའི་འུ་ཅག་ཐམས་ཅད་ཀྱིས།།

འུར་ཟིང་ཁྲོད་ནས་གསེར་དུས་མ་གཏོང་བར།།

གནའ་དེང་ཤེས་བྱ་ཐབས་ཀྱིས་སྦྱང་རན་ཡོད།།


སྣ་ཚོགས་ཤེས་རིག་མཚོ་མོའི་ཀློང་དཀྱིལ་ན།།

རྩེད་དགའི་དཔལ་ལ་རོལ་བའི་སློབ་གྲོགས་ཚོ།།

ན་ཀྲའི་གྲོང་གི་རིན་ཆེན་ལེན་རན་པས།།

རིག་པའི་གྲུ་ཆུང་བཏང་སྟེ་མདུན་དུ་སྐྱོད།།


དྲི་ཟའི་འཇིག་རྟེན་རོལ་བའི་ཕོ་མོ་ཚོ།།

ད་ནི་མི་ཚེ་རིང་ཞིག་མ་མཆིས་ཏེ།།

ཀྱེ་མ་ཚེ་སྟོད་ཟད་ནས་ཚེ་སྨད་ཙམ།།

ཕྱི་མའི་འགྲོ་ཆས་བཟང་པོས་མདུན་དུ་སྐྱོད།།


དཀར་ནག་ལས་འབྲས་མངའ་བའི་འཇིག་རྟེན་འདིར།།

རང་གཅེས་ཁོ་ནར་འབད་པ་མི་བྱེད་པར །།

གངས་རིའི་ཡུལ་དུ་འཚོ་བ་ཀུན་གྱི་ཆེད།།

མཐུན་སྒྲིལ་ལག་ཟུང་སྦྲེལ་ནས་མདུན་དུ་སྐྱོད།།


རིག་ལམ་རྣམ་པར་གྲོལ་བའི་ལས་གྲོགས་ཚོ།།

གཞན་གྱི་མཛེས་སྡུག་ཕུན་སུམ་ཚོགས་པ་ལ།།

ཁོང་ཁྲོ་ཞེ་སྡང་མེ་ལྟར་མི་འབར་བར།།

ཉམས་མྱོང་བརྗེ་རེས་བྱས་ཏེ་སྐྱོད་རན་ཡོད།།


དལ་འབྱོར་ཚང་བའི་མི་ལུས་ཐེངས་གཅིག་འདིར།།

ཕྱི་དབེན་ནང་དབེན་བྱེད་པའི་གྲྭ་རྐྱང་ཚོ།།

སྟེགས་གྲུག་ཚིག་ཇར་རོལ་ནས་མི་འདུག་པར།།

འགྲོ་དྲུག་སྙིང་ལ་བསྒོམས་ནས་མདུན་སྐྱོད་བྱོས།།


མཐའ་མེད་འཁོར་བར་གནས་པའི་བཟའ་ཟླ་ཚོ།།

དང་ཐོག་བརྩེ་དུང་མཚོ་ལྟར་ཟབ་པས་ན།།

ཐ་མར་དོན་རྐྱེན་ཕྲ་མོས་མི་འཁྲུག་པར།།

བླང་དོར་གནད་ལ་མཁས་ན་མི་ཚེ་འཁྱོལ།།


བསྟོད་ན་དགའ་བ་སྨད་ན་མི་དགའ་བའི།།

རྙོག་འཛིང་ལས་ལ་འཁོར་བའི་གཞོན་ནུ་ཚོ།།

ཕྱི་ལ་གསེར་ཤུན་བརྒྱབ་རུང་མི་ཕན་པས།།

ནང་དུ་ཤེས་རིག་བཅུད་ཀྱིས་གཏམས་རན་ཡོད།།


ཕྱི་རྒྱུའི་ཆེད་དུ་སྨྱོས་པའི་མགོ་ནག་མི།།

རྟག་ཏུ་ཞི་ལས་མ་ཎི་ཟློས་པ་བཞིན།།

ལ་རྒྱའི་ཆེད་དུ་སྲོག་ཀྱང་བློས་གཏོང་ཟེར།།

དེ་ལས་དགེ་བཅུ་བསྲུངས་ནས་མདུན་དུ་སྐྱོད།།


མི་ཚེ་འདི་ནི་ནམ་མཁའི་གློག་ཞག་འདྲ།།

སྔ་མོ་ཡོད་ཀྱང་དགོང་མོ་ཆ་མ་མཆིས།།

འཆི་བ་མི་རྟག་ནམ་སླེབས་ངེས་མེད་ཡིན།།

དགེ་སྒྲུབ་སྡིག་སྤངས་ལས་ཀྱིས་མདུན་དུ་སྐྱོད།།


  • ལེ་ཚན་སྔོན་མ།:སི་བོད་སློབ་གླིང་ལ་ཕུལ་བའི་བསྟོད་ཚིག་མེ་ཏོག་མགུལ་མ།
  • ལེ་ཚན་རྗེས་མ།:མཐོང་སྣང་དབྱངས་སུ་གྱེར་བའི་གླུ།