ཕ་ཡུལ་དང་ཕ་མ།

གངས་ཆར།        2018-06-11

ཕ་ཡུལ་དང་ཕ་མ། 

དྲན་པའི་ངོས་ཀྱི་ཡིག་འབྲུ་རྩ་ཆེན་བཞི་རེག་དུས། 

སེམས་ཀྱི་རྩེ་མོ་ནམ་མཁའི་དབྱིངས་སུ་ཟུག 

ལུས་ཀྱི་བ་སྤུས་སེམས་ཀྱི་དྲན་པ་དཀྲུགས། 

ཡིད་ཀྱི་སྣང་ངོར་དགུན་གྱི་ཁ་བ་འབབ། 

ཁ་བའི་མཛེས་པ་ནི། 

ཕ་ཡུལ་གྱི་མཛེས་པ་དང་ཕ་མའི་འཛུམ་མདངས་ཡིན།


ཕ་ཡུལ་དང་ཕ་མ། 

དགུན་གྱི་ཁ་བས་མ་ཟིན་པའི་ཡིག་འབྲུ་མཐུག་པོ། 

དབྱར་གྱི་ཆར་པས་བཀྲུ་མི་ཐུབ་པའི་དྲེག་པ་མཐུག་པོ། 

རྒྱུ་ནོར་ཁྲི་ཕྲག་གིས་བསླུ་མི་ཐུབ་པའི་སེམས་ཀྱི་གནས་མལ། 

དྲན་ཤེས་སྟོང་གིས་སྐྱོང་བའི་དཔའ་དར་རིང་མོ། 

ཕ་ཡུལ་དང་ཕ་མར་འཁྲེན་པ་ནི་བརྩེ་བ་མཐུག་པོ་ཞིག


ཕ་ཡུལ་དང་ཕ་མ། 

བརྩེ་བ་རུམ་གང་ལས་འཕྲོས་པའི་འོད་སྣང་། 

དྲན་པ་སེམས་གང་ལས་འཕྲོས་པའི་དུང་བ། 

དྲན་གསོ་ཡིད་གང་ལས་འཕྲོས་པའི་སྣང་བ།

ཕ་ཡུལ་དུ་ཞེན་ཆགས་ཀྱི་དྲན་གསོ་དང་། 

འཚར་ལོངས་ཀྱི་བརྒྱུད་རིམ་ཡོད། 

འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ། 

ཕ་མའི་རྔུལ་ཁྲག་གི་མཚོ་མོ་འཁྱིལ་ཡོད།

ཕ་ཡུལ་དང་ཕ་མ་དྲན་ཞོར་དུ།

བརྩེ་བ་དང་དྲིན་ལན་བསམ་བཞིན་ཡོད།

ཕ་ཡུལ་དང་ཕ་མ་དྲན་ཞོར་དུ། 

རང་གི་རིགས་དང་རུས་པར་ལྟ་བཞིན་ཡོད། 

ཕ་ཡུལ། ལུས་སེམས་ཀྱི་ངལ་གསོ་བའི་གྲུ་ཟུར་ཞིག 

ཕ་ཡུལ། འཚོ་བའི་བདེ་སྡུག་གླེང་སའི་ཞིང་ཁམས་ཤིག།


  • ལེ་ཚན་སྔོན་མ།:ཤེལ་སྒོའི་ངོས་ཀྱི་འཇིག་རྟེན།
  • ལེ་ཚན་རྗེས་མ།:ལམ་འགྲོ་བ།