གཞན་སེམས་ལས་མཐུན་སྒྲིལ་གྲུབ། སྒེར་སེམས་ལས་མཐུན་སྒྲིལ་བརླགས།

ཀུན་དགའ།        2018-06-11

      མཐུན་སྒྲིལ་ནི་སྟོབས་ཡིན་ལ་ཤུགས་ཀྱང་ཡིན་ཞིང་།མཐུན་སྒྲིལ་ནི་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་དར་རྒྱས། མི་རིགས་འཕེལ་རྒྱས་བཅས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན་པ་རེད།

      དེ་ན་རྒྱལ་ཁབ་དང་མི་རིགས། ཚོགས་པ། ཐ་ན་ཁྱིམ་ཚང་སོགས་གང་ཡིན་རུང་ཕན་ཚུན་བར་མཐུན་སྒྲིལ་ཡག་པོ་ཞིག་མེད་ན་བྱ་བ་ཅི་ཞིག་སྒྲུབ་ཀྱང་འགྲུབ་པར་དཀའ་བའང་མི་འགྲུབ་པས་དེས་ཉམས་ཉེན་དང་ཕམ་ཁ་སོགས་ཅི་ཡང་འབྱུང་སྲིད་པས་ཅིས་ཀྱང་གཟབ་དགོས་པའི་གནད་དུ་མཆིས།

      སྤྱིར་མི་མང་པོ་ཞིག་ལ་མཐུན་སྒྲིལ་གྱི་བསམ་བློ་ཡོད་པས་ཁོ་ཚོས་དུས་རྒྱུན་དུ་མཐུན་སྒྲིལ་བྱ་དགོས་པའི་སྐོར་ནས་འབོད་སྐུལ་གཏོང་གིན་ཡོད་པ་རེད། དཔེར་ན། ཆུང་བྱིས་པའི་དུས་ནས་དྲིན་ཅན་ཕ་མས་ཡང་ནས་བསྐྱར་དུ་ང་ཚོར་གྲོགས་པོའི་བར་ན་མཐུན་ལམ་སྲུང་ཞིང་འཛིང་རྩོད་བྱེད་མི་ཉན་ཞེས་ཁ་ཏ་སློབ་གསོ་གནང་བ་དང་། སློབ་གྲྭའི་ནང་དུ་དགེ་རྒན་རྣམ་པས་སློབ་གྲོགས་ཀྱི་བར་ན་མཐུན་སྒྲིལ་བྱ་དགོས་ཞེས་བསླབ་བྱ་གནད་ཀྱི་དམ་པ་ཁ་ནས་མ་ཎི་བགྲང་བགྲང་བྱེད་བཞིན་ཡོད། དེ་ལྟར་ལས་ཁུངས་དང་ཚོགས་པ་སོགས་སྤྱི་ཚོགས་ལས་རིགས་ཁག་གང་ཞིག་ཡིན་རུང་སོ་སོའི་འགོ་བ་རྣམས་ཀྱིས་ཀྱང་མཐུན་སྒྲིལ་ནི་རེ་འབྲས་ཀྱི་རྩ་བ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཡིན་ཞེས་ནན་སྐུལ་བྱས་ལ། གླུ་བ་གླུ་མ་རྣམས་ཀྱིས་ཀྱང་མཐུན་སྒྲིལ་གྱི་འབོད་སྐུལ་གླུ་རུ་བླངས་པ་དང་། ཟོང་རྟགས་སྣ་མང་གི་སྟེང་དུའང་མཐུན་སྒྲིལ་ཞེས་པའི་ཡིག་འབྲུ་བཀོལ་ཏེ་མཐུན་སྒྲིལ་ནི་ཡོད་ཚད་ཀྱི་རྨང་གཞི་ལྟ་བུར་འབོད་སྐུལ་གཏོང་གིན་ཡོད་པ་ནི་ཚང་མས་མིག་མཐོང་ལག་ཟིན་རེད། འོན་ཀྱང་། མིག་སྔར་བསླབ་བྱ་དང་འབོད་སྐུལ་དེ་དག་གིས་མི་ལ་ལའི་ཡིད་སེམས་ནང་དུ་འགུག་མ་ཐུབ་པས་སོ་སོའི་བར་ན་འགལ་བ་དང་རྩོད་གཞི་ཅི་རིགས་བྱུང་དང་འབྱུང་བཞིན་ཡོད་པ་རེད། དེས་ན་འགལ་བ་དང་རྩོད་གཞི་དེ་དག་འབྱུང་བའི་རྒྱུ་མཚན་ཅི་དང་གང་ལ་ཐུག་ཡོད་པ་བསམ་བློ་རེ་གཏང་དགོས་པའི་གནས་སུ་སླེབས་འདུག

      མཐུན་སྒྲིལ་གྱི་རྒྱབ་ན་ཡང་སྙིང་ཅི་ཞིག་གབ་ཡོད་པ་དང་། གང་ཞིག་གིས་མཐུན་སྒྲིལ་ལ་གནོད་བསྐྱལ་བ་རེད། སུ་ཞིག་གིས་མཐུན་སྒྲིལ་ལ་གཏོར་བརླགས་བྱས་པ་རེད། ངས་དེ་ལྟར་བསམ་བློ་ཞིག་གཏོང་དུས་དེའི་ཐད་ལ་ངེས་ཤེས་ཕྲན་བུ་བྱུང་བ་ནི། མི་དང་མིའི་བར་ན་ང་རྒྱལ་དང་ཕྲག་དོག་སོགས་དུག་ལྔའི་རྐྱེན་ལས་བྱུང་བ་དང་། གཙོ་བོར་གྱུར་པ་ནི་རང་ངོས་ཀྱི་སྒེར་སེམས་ཆེ་དྲགས་པ་དང་། གཞན་ཕན་གྱི་སེམས་མི་ལྡན་པའི་རྐྱེན་དུ་གྱུར་བས་ཡིན་ལ། ང་ཚོས་བྱ་བ་ཅི་ཞིག་སྒྲུབ་ཀྱང་བདག་གཙོ་བོར་མི་འཛིན་པར་རང་གཞན་གཉིས་ཀའི་དོན་དུ་བསམ་བློ་ཕྲན་བུ་རེ་གཏོང་བ་དང་། སྒེར་སེམས་རྩ་ལྟར་དོར་ཏེ་གཞན་སེམས་སྙིང་དུ་བསྐྱངས་ན་རབ་ཡིན་ཏེ་དེའི་སྐོར་ནས་ཤུགས་བརྒྱབ་ན་མཐུན་སྒྲིལ་ནི་རང་ཤུགས་སུ་གྲུབ་པས་ནམ་རྒྱུན་བྱེད་ཐབས་འདྲ་མིན་གྱི་སྒོ་ནས་མཐུན་སྒྲིལ་ལ་འབོད་སྐུལ་གཏོང་བའི་དགོས་པ་མ་མཆིས་སོ།།


  • ལེ་ཚན་སྔོན་མ།: ཨ་མྱེས་སེམས་ཀྱི་རྫི་བོ།
  • ལེ་ཚན་རྗེས་མ།:ལྷ་སའི་ཇོ་བོ་མཇལ་དུ་ཕྱིན་པ།
  • རྩོམ་གསར། 10