འཕྲུལ་གྱི་འགྱུར་བག

ཞི་འཚོལ།        2018-06-08

ཞི་བདེའི་འཛུམ་ཟེར་ལ་འཚང་ཁ་འབེལ་དུས། །

དགའ་སྡུག་མེ་ལོང་དེ་རྡུལ་གྱིས་འདག་སོང་། །

སྲིད་པའི་ཐང་ཆེན་གྱི་འདུ་ར་ཞིག་ནས། །

དཔའ་བརྟུལ་དཔུང་སྡེ་ཞིག་རབ་ཏུ་བྱུང་ཡོད། །

 

གསུང་རབ་གླེགས་བམ་གྱི་བར་གསེང་རེ་ལ། །

འཁོར་བའི་འཆིང་རྒྱ་དེ་དགྲོལ་ཐབས་བསྟན་ཀྱང་། །

འདོད་ཡོན་པད་ཚལ་གྱི་བསླུ་བྲིད་སྐྱེན་པོས། །

འཁོར་བའི་ཐང་ཆེན་ནི་ཉུལ་དགོས་བྱུང་ཡོད། །

 

མུ་ཏིག་འོད་ཆེན་ཞིག་མཁའ་རུ་འཕགས་ནས། །

ཆུ་འཛིན་ངམ་ནག་དེ་མཐའ་ནས་བཀྱགས་ཀྱང་། །

འོད་ཀྱི་པད་མོ་ལ་དྲོད་ཐིག་མེད་ན། །

སེམས་ཀྱི་འདབ་བརྒྱ་དེ་འགྲོལ་ཐབས་མི་འདུག །

 

ལྗོན་བཟང་ཤིང་ལོ་ཡི་བསིལ་ཡབ་འོག་ཏུ། །

མི་ཚེའི་མདུན་མ་ལ་བསམ་གཞིག་བསྣུན་དུས། །

དྭངས་གསལ་སེམས་ཚོར་གྱི་ལྡེབས་རིས་ངོས་སུ། །

གཏན་གྱི་སྐྱབས་གནས་ལ་ཕྱག་རྒྱ་ཤོར་སོང་། །

 

གཉུག་མ་འོད་གསལ་གྱི་བདེན་དོན་ངོ་མ། །

མདོ་བརྒྱུད་བསྟན་བཅོས་ནས་ཡང་ཡང་བསྟན་ན། །

བཅོས་མིན་སེམས་གཤིས་ཀྱི་པད་མོའི་གསེང་དུ། །

ཁྱོད་ལ་དད་འདུན་ཞིག་འཇམ་རྒྱུ་མི་འདུག །

 

དབེན་གནས་ཞི་འཇམ་གྱི་ནགས་ཀློང་ཞིག་ཏུ། །

ཟག་མེད་ཏིང་འཛིན་གྱི་ཚོར་གཤིས་དྭངས་མ། །

མྱོང་འདོད་ཞེན་ཆགས་ཀྱི་སྣེ་རུ་འཁོར་རུང་། །

འཕྲལ་གྱི་བྱ་བ་ཞིག་བློས་གཏོང་མ་ཕོད། །


  • ལེ་ཚན་སྔོན་མ།:ངལ་བའི་རྒྱུ།
  • ལེ་ཚན་རྗེས་མ།:ཤེལ་སྒོའི་ངོས་ཀྱི་འཇིག་རྟེན།