ངལ་བའི་རྒྱུ།

གངས་ཆར།        2018-06-08

ཡ་གིའི་གནམ་དེ་སྔོ་ལ་སྐབས་རེ་སྤྲིན་པ་མང་། །
སྐབས་རེ་ཉི་མ་ཚ་ལ་སྐབས་རེ་ཆར་བ་མང་། །
མ་གིའི་མི་ཚོ་ངན་ལ་སྐབས་རེ་སེམས་པ་བཟང་། །
སྐབས་རེ་མི་གཤིས་བཟང་ལ་སྐབས་རེ་སེར་སྣ་ཆེ། །
སྐབས་རེ་མི་དང་གནམ་གཉིས་སྡུར་བ་ངལ་བའི་རྒྱུ། །

ཡ་གིའི་མི་ཡི་སྐད་ཆ་ཤིན་དུ་སྙན་ནས་སྙན། །
མ་གིའི་མི་ཡི་གསང་བའི་སྐད་ཆ་མང་ནས་མང་། །
སྐད་ཆ་སྙན་མོས་ཕ་གིའི་མི་རྣམས་བསླུ་ཚུལ་དང་། །
ལྟ་བ་མཐོན་པོས་ཡ་གིའི་མི་རྣམས་སྐྱོ་ཚུལ་སོགས། །
མི་སྐད་ཡོད་ཚད་ཆ་འཇོག་བྱེད་པ་ངལ་བའི་རྒྱུ། །

མི་བུ་གཅིག་གིས་ལས་ཀ་བྱེད་ཚུལ་མང་ནས་མང་། །
སྐབས་རེ་མཐོ་པོའི་གནམ་ལ་རེག་རེག་བྱེད་ཚུལ་དང་།།
སྐབས་རེ་དམའ་པོའི་ས་ལ་བསྟོད་པ་བྱེད་ཚུལ་སོགས། །
མི་བུ་གཅིག་ལས་སྒྲུང་གཏམ་སྣ་ཁ་མང་ནས་མང་། །
ཕྱི་ཚུལ་རྣམ་པས་ནང་སེམས་བཀབ་པ་ངལ་བའི་རྒྱུ། །


  • ལེ་ཚན་སྔོན་མ།:ནོར་ལྷ། ཁྱོད་ཀྱི་བརྩེ་བ་ང་ལ་འཇོག་རོགས།
  • ལེ་ཚན་རྗེས་མ།:འཕྲུལ་གྱི་འགྱུར་བག