ཨ་མྱེས་སེམས་ཀྱི་རྫི་བོ།

ཡེ་ཤེས།        2018-06-08

   རི་ལུང་གི་མཛེས་སྡུག་རྟོགས་ཤིང་ལ་ལུང་གི་གསང་བ་འཐུ་བའི་མི། མཁའ་ལྟར་ཡངས་བའི་ཁོག་རྒྱ་དང་སྤྲིན་ལྟར་དཀར་བའི་གཤིས་རྒྱུད། དུས་བཞིའི་བདེ་སྡུག་གི་ཀློང་དང་ཉིན་མཚན་དྲོ་གྲང་གི་གསེབ་ན། རི་གཟར་གཡང་ས་འདིར་གོམ་པ་སྤོ་མཁན་དང་རི་ལུང་ཐང་གསུམ་དུ་བརྩེ་བ་དཔར་མཁན་ཏེ། ང་ཡི་ཁྱིམ་མཚེར་ཨ་མྱེས་སེམས་ཀྱི་རྫི་བོ་ཡིན། ཁོང་ནི་ངའི་སྣང་ངོར་གཟུགས་ཆེ་ཞིང་ཤ་སྐམ་ལ། གཤིས་རྒྱུད་འཇམ་ཞིང་ཁོག་རྒྱ་ཆེ་བ་དང་། ཤེས་ཡོན་གྱིས་ཕྱུག་ལ། དབུ་སྐྲ་དུང་ལྟར་དཀར་ཡང་རྒས་མདོག་མེད་པའི་མི་རྒན་གཡང་རྒན་ཞིག་ཡིན།

  སློབ་གྲྭར་མ་འགྲོ་བའི་གོང་ལ་ང་རང་ཉིན་ལྟར་ཨ་མྱེས་རྫི་བོ་དང་མཉམ་དུ་ཕྱུགས་འཚོ་ས་འགྲོ་དགོས་པ་རེད། ང་ཚོ་ཞིང་མ་འབྲོག་གི་ས་ཆ་ཡིན་པས་རྫི་བོ་ནི་རོང་པར་མཚོན་ན་བྱིས་པ་དང་རྒས་པོ་ཚོར་ཆེད་དུ་སྤྲད་པའི་འོས་འགན་ལྟ་བུ་ཡིན། ཞོགས་པའི་ཉི་ཟེར་རི་མགོར་ཕོག་དུས་རྫི་བོ་ཚོས་ཟས་ཁུག་ཁུར་ཏེ་ཕྱུགས་བདས་ནས་ཆས་འགོ་བརྩམས། དེའི་སྐབས་ཨ་མྱེས་རྫི་བོས་ཀྱང་ལུས་ལ་བོད་ལྭ་དཀར་པོ་དང་། མགོ་ལ་རྒྱ་གར་ཞྭ་མོ། ཕྲག་ཏུ་རྫི་ཆས་ཁུར། སྐེད་ལ་འུར་རྡོ་བཀལ། རྐང་ལ་བོད་ལྷམ་ནག་པོ་གོན་ནས་ཆས་ཡོང་བ་རེད། དེ་ནས་ཨ་མྱེས་རྫི་བོའི་མ་ཎིའི་དབྱངས་སྒྲ་དང་། ཀི་སྒྲ་དང་སིར་སྒྲ། ར་ལུག་གི་འབའ་སྒྲ། ཟོག་གི་ངུད་སྒྲ། བྱ་བྱེའུ་ཡི་སྐད་སྒྲ་བཅས་གཅིག་ཏུ་འདྲེས་པའི་རོལ་དབྱངས་སྙན་མོ་ཞོགས་པའི་རི་གྲོང་གི་མཁའ་དབྱིངས་སུ་ཁྱབ། གནམ་གཤིས་བཟང་ངན་དང་རྩྭ་ཆུ་ཡག་ཞན། ཟོག་འཚོ་ཡུལ་སྤོ་བརྗེ་ཤེས་པ་བཅས་ནི་རྫི་བོའི་ཡོན་ཏན་གསུམ་ཡིན་པ་ང་ཚོས་ཨ་མྱེས་ཀྱི་ངག་ལས་ཐོས།

  དེ་ནས་ཕྱུགས་འཚོ་ཡུལ་དུ་སླེབས་རྗེས་ཟོག་རི་ལ་བཀྲམ་ནས་ཇ་སྐོལ་སའི་གནས་ཤིག་བཙལ། ཨ་མྱེས་ཀྱིས་ང་ཚོར་ཤིང་འཐུ་མཁན་དང་ཆུ་ལེན་མཁན། ཐབ་ཀ་རྒྱབ་མཁན་སོགས་བཀོད་སྒྲིག་བྱས་མཐར། ཨ་མྱེས་གཏམ་རྒྱུད་བཤད་རྒྱུར་དགའ་ཞིང་བཤད་ཀྱང་མཁས་པས་ཡང་ནམ་རྒྱུན་ལྟར་ཐོག་མར་ང་ཚོར་བྱི་ལ་ཞིག་གིས་རྫུན་བཤད་ནས་མཐར་རང་ཉིད་ཕུང་བའི་སློབ་གསོའི་རང་བཞིན་ཡོད་པའི་གཏམ་རྒྱུད་ཅིག་བཤད། དེ་ནས་རུམ་ནས་འཚེམ་དྲུབ་བརྒྱབ་པའི་ཞལ་འདོན་དེབ་རྙིང་ཞིག་གི་ཁ་ཕྱེ་སྟེ་ཁ་སང་གི་བསླབས་མཚམས་ནས་མུ་མཐུད་དེ་ང་ཚོར་ཡི་གེ་སློབ་འགོ་ཚུགས། ཡི་གེ་ཀློག་སྒྲས་ཁུ་སིམ་གྱི་རི་ལུང་འདིར་སྔར་མེད་ཀྱི་གསོན་ཤུགས་ཤིག་བྱིན།

  དེ་ནས་ཇ་ཁོལ་བ་དང་དཔེ་ཁྲིད་ཀྱི་མཚམས་ཀྱང་བཞག་སྟེ་ཚང་མས་ཟས་ཁུག་ནས་རྫི་རྒྱགས་ཕྱིར་ཕུད་དེ་གཅིག་ཏུ་སྤུངས་ནས་ཨ་མྱེས་མར་རྡོག་ཆུང་ངུ་རེ་ཕོར་པར་བཅུག དེ་ནས་ཇ་བླུགས་མཆོད་པ་ཕུལ་རྗེས་གུང་ཇ་ལ་རོལ། ངོ་མ་ཁྱིམ་དུ་སྲུབས་ཇ་བཏུང་བ་ལས་རི་འགོར་ཇ་རྒོད་བཏུང་ན་ཞིམ་ཞེས་པའི་གཏམ་དཔེ་ནི་ཅིས་མི་བདེན་ཏེ། ཇ་དང་ཚྭ། མར་དང་ཐུད་སོགས་གཅིག་པ་གཅིག་རྐྱང་ཡིན་ཡང་རི་མགོར་སླེབས་དུས་བྲོ་བ་ཞིམ་པོ་ཞིག་ཏུ་གྱུར་པ་ཁོ་ཐག་རེད། གང་ལྟར་རྫི་བོའི་ཟས་ནི་ངན་ངོན་ཇི་ལྟར་ཡིན་ཡང་ཟས་མཆོག་ཅིག་ཏུ་འཁུམས་སོ།།

ཨ་མྱེས་རྫི་བོ་སློབ་གྲྭར་འགྲོ་བའི་སྐལ་བ་མེད་ཀྱང་ཁོང་ལོ་བཅུ་གཅིག་བཅུ་གཉིས་ཡས་མས་སུ་སྡེ་བའི་ཨ་མཆོད་ཅིག་གི་མདུན་ནས་ཡི་གེ་འབྲི་ཀློག་བསླབས་རྗེས་རང་སྦྱོང་བྱས་པ་རེད། སྙིང་རུས་འབད་བརྩོན་ཆེ་བས་ཞལ་འདོན་སྐོར་དང་ཐར་མདོ། མདོ། གེ་སར་སྒྲུང་། ལེགས་བཤད་སོགས་གང་བཀླག་དགོས་ན་ཐོགས་པ་མེད་ཅིང་ཁ་ཤས་བློ་འཛིན་ཡང་བྱེད་ཐུབ་ཡོད། ད་ལྟ་སྡེ་བའི་ཡོངས་ཀྱི་ཨ་མཆོད་ཚོའི་དབུ་མཛད་དུ་གྱུར་ཡོད། ཁོང་གི་ནམ་ཡང་རྫི་ཕྲུག་ཚོར་སྒོ་ཕྱུགས་ཀྱིས་མི་སྐད་བཤད་མི་ཤེས་པ་རེད་མ་གཏོགས་བདེ་སྡུག་དགའ་སྐྱོ་ཚང་མ་མི་དང་གཅིག་པ་ཡིན་པས་གཤེ་གཤེ་དང་རྡུང་རྡེག་གཏན་ནས་གཏོང་མི་ཉན་པའི་སྐོར་བཤད་པ་དང་། ཁོང་རང་གིས་ཀྱང་སྒོ་ཕྱུགས་ཆེ་ཆུང་གང་ལ་ཡང་རྡེག་ཙམ་ཡང་བྱེད་མི་བྲ་བ་རེད། རིག་གནས་ཡོད་པའི་ཁ་ནི་སྣུམ་ཆིལ་ཆིལ། ཡོན་ཏན་མེད་པའི་ཁ་ནི་སྐྱ་ཐལ་ཐལ་ཞེས་ཨ་མྱེས་ང་ཚོར་ལབ་པའི་སྐད་ཆ་དེ་ད་དུང་ཡང་ངའི་རྣ་ལམ་དུ་ལྷང་ལྷང་གྲགས་ཀྱི་འདུག

   དུས་བཞིར་དྭངས་གཙང་སེམས་ཀྱི་སྨོན་འདུན་མ་ཎིའི་དབྱངས་རྟར་འདྲེས་ཤིང་ཕ་ཡུལ་གྱི་རི་ཀླུང་ཀུན་ཏུ་མ་ཎིའི་དྲི་བསུང་ཁྱབ་ཏུ་འཇུག་པའི་ཨ་མྱེས་རྫི་བོའི་རི་ལུང་བརྒྱུད་པའི་མི་ལོ་དྲུག་ཅུའི་འཚོ་བ་ལ་བཤད་རིན་ཡོད་པ་ཅང་མེད་མོད། འོན་ཀྱང་ཁོང་གི་ངག་ནས་ཐོས་པ་དང་ལུས་ཐོག་ནས་སྟོན་པ། སེམས་ཀྱིས་བསམས་པ་གང་ནས་བལྟས་ན་ཡང་། ཚེ་སྲོག་ལ་འདྲ་མཉམ་གྱི་ལྟ་ཚུལ་དང་ཤེས་བྱར་བརྩོན་པའི་སྙིང་རུས་འགྱུར་མེད། བྱམས་སྙིང་རྗེས་ཀུན་ནས་ཕྱུག་པའི་ཞེན་མདངས་ཉམས་མེད་ཅིག་འཕྲོ་བཞིན་ཡོད་ལ། གསེར་དང་འདྲ་བའི་རྣམ་དཔྱོད་ལས་ཕན་པའི་ཟེར་བརྒྱ་འགྱེད་བཞིན་ཡོད་དོ།།

    དེ་ཡང་གང་ཞིག་གསེར་གྱི་རི་ལ་སྔས་བཅས་ན།། དེ་ཡི་རི་དྭགས་ཐམས་ཅད་གསེར་དུ་གྱུར།། གང་ཞིག་དངུལ་གྱི་རི་ལ་སྔས་བཅས་ན།། དེ་ཡི་རི་དྭགས་ཐམས་ཅད་དངུལ་དུ་གྱུར།། ཞེས་ཟེར་བ་བཞིན་ཨ་མྱེས་རྫི་བོའི་ལྷད་མེད་རང་གཤིས་དང་བྱམས་སྐྱོང་སློབ་གསོའི་དྲི་མ་བཟང་པོ་ང་དང་ང་འདྲ་བའི་གཅེས་ལང་ཤོར་བའི་བུ་ཕྲུག་མང་པོའི་སེམས་སུ་ཐིམ་ནས་མི་ཚེ་གཅིག་ལ་ཕན་པའི་བག་ཆགས་བཟང་པོ་བཞག་པས་ཁོ་བོས་ནམ་ཡང་ཨ་མྱེས་སེམས་ཀྱི་རྫི་བོ་ཞེས་སྙན་པའི་མིང་གིས་བསྟོད་པར་འདོད་དོ།། 


  • ལེ་ཚན་སྔོན་མ།:མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་བར་སྨོན།
  • ལེ་ཚན་རྗེས་མ།:གཞན་སེམས་ལས་མཐུན་སྒྲིལ་གྲུབ། སྒེར་སེམས་ལས་མཐུན་སྒྲིལ་བརླགས།