ནོར་ལྷ། ཁྱོད་ཀྱི་བརྩེ་བ་ང་ལ་འཇོག་རོགས།

མེ་ལོང་ནག་པོ།        2018-06-08

ནོར་ལྷ།

ཁྱོད་ལ་བདེ་སྐྱིད་ཀྱི་འཚོ་བ་མཁོ།

ཁྱོད་ལ་འོད་སྟོང་གི་མི་ཚེ་དགོས།

ཡིན་ཡང་།   

ཁྱོད་ཀྱི་ཁྱོད་ཀྱིས་མི་སེམས་ལ་བཞག་པའི་སྣང་བརྙན་བརླག་དགོས་དོན་མེད།

 

ནོར་ལྷ།

མཛེས་སྡུག་གི་ལང་ཚོ་ནི་ཆགས་སྲེད་ཀྱི་ཡོ་སྤྱད་ག་ལ་ཡིན།

བསླུ་བྲིད་དང་མནར་གཅོད་ཀྱི་ཆོ་ག་ཡང་དེ་བས་མིན།

 

ནོར་ལྷ།

མི་ཚེ་ནི་ཁྱོད་ཀྱི་རྐང་རྗེས་ལ་མི་ཟེར་བ་བཞིན།

བརྩེ་དུང་གི་གློག་བརྙན་ཟློས་གར་ལ་ཡང་མི་ཟེར།

 

ནོར་ལྷ།

ཁྱོད་རང་བྱིས་དུས་ཀྱི་རྩེ་སྒྲུང་ལ་ཞེ་ཆགས་སམ།

ཁྱོད་རང་མེ་ཏོག་གི་ཞྭ་མོ་བསླ་བར་གོམས་ཡོད།

 

ནོར་ལྷ།

ཁྱོད་ནི་ངའི་ཕར་ནང་གི་ལོ་ཟླ་ཡིན།

ཁྱོད་ནི་ངའི་མ་འོངས་པའི་དྲན་ཤིང་ཡིན།

འོན་ཀྱང་།  ཁྱོད་ཀྱིས་ང་ལ་བརྩེ་བ་སྤར་མོ་གང་ཡང་།

མི་བསྐྱུར་བར་ཕེབས་དོན་ཅི་ཡོད།

 

ནོར་ལྷ།

མིག་ཆུ་འདི་བཟོད་མི་ཐུབ་པའི་ན་ཟུག་ཡིན།

གླུ་སྐད་འདི་བཤད་མི་ཚར་བའི་སྒྲུང་གཏམ་ཡིན།


  • ལེ་ཚན་སྔོན་མ།:གླེན་མ།
  • ལེ་ཚན་རྗེས་མ།:ངལ་བའི་རྒྱུ།